ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཝེ་གྷ་ནར་དམག་ཚོགས་དང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགལ་ཟླ། 


༄༅།། ཝེ་གྷ་ནར་གླས་དམག་ཚོགས་པས་རང་གི་འཐབ་མོ་བ་ཚོར་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་རྒྱབ་སྐྱོར་མེད་པར་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་རེད་ཅེས་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ། ཕྱི་ཟླ་༢་པའི་ཚེས་༡༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་ཝེ་གྷ་ནར་གླས་དམག་ཚོགས་པས་ཁང་པ་ཞིག་གི་ནང་དུ་ཕུང་པོ་ཧ་ཅང་མང་པོ་ཡོད་པའི་བརྙན་ཐུང་ཞིག་བསྟན་ནས་འདས་པོ་དེ་རྣམས་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་རྣམས་རེད། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོས་དགོས་ངེས་ཀྱི་མཚོན་ཆ་དང་མདེའུ། སྨན་བཅོས་དང་དམག་རྒྱག་གི་མཐུན་རྐྱེན་སོགས་མཁོ་སྤྲོད་མ་བྱས་པར་ཉིན་ལྟར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་དམག་ཚོགས་ཀྱི་འཐབ་མོ་བ་བརྒྱ་ཕྲག་མང་པོ་འཆི་བཞིན་ཡོད་པ་རེད། མཚོན་ཆ་དང་མདེའུ། དམག་རྒྱག་གི་མཁོ་ཆས་རྣམས་དུས་ཐོག་ཏུ་སྐྱེལ་དགོས། ཨུ་རུ་སུར་སྲུང་སྐྱོབ་བྱ་དགོས་པ་དང་ཡུཀ་རེན་ལ་དམག་འཁྲུག་རྒྱག་དགོས་ན་གླས་དམག་ལ་མཚོན་ཆ་དང་མདེའུ་སྤྲོད། དེ་མིན་ན་ཁྱོད་ཚོའི་བུ་ཕྲུག་ཚོ་དམག་སར་བཏང་སྟེ་འཐབ་འཁྲུག་རྒྱག་ཏུ་ཆུགས་ཞེས་ཁྱབ་བསྒྲགས་བྱས་འདུག སྔ་ལོ་ནས་ཝེ་གྷ་ནར་གླས་དམག་ཚོགས་པའི་བདག་པོ་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགོ་ཁྲིད་ཚོར་འཇོན་ཐང་མེད་པ་དང་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་འཐབ་འཁྲུག་བརྒྱབ་སྟེ་དཔའ་རྟགས་འཇོག་གི་ཡོད། ཨུ་རུ་སུའི་གཞུང་དམག་གིས་ཡུཀ་རེན་ལ་འཐབ་རྒོལ་བྱེད་ཐུབ་ཀྱི་མི་འདུག སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སོགས་གནས་དབྱུང་གཏོང་དགོས་ཞེས་བསྐུལ། ཉེ་ཆར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་རྣམས་བསད་རྨས་ཚབས་ཆེན་བྱུང་། སྲིད་འཛིན་ཕུ་ཊིན་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་བདག་པོ་པ་རི་གྷོ་ཞིན་གཉིས་འབྲེལ་བ་བཟང་པོ་ཡོད་ཀྱང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་གླས་དམག་ཚོགས་པ་དེའི་འཐབ་མོ་བ་ཚོར་གདེང་འཇོག་ཆེན་པོ་བྱེད་ཀྱི་མེད་པ་དང་བཙོན་ཁང་ཁག་ནས་བཙོན་དམག་བསྡུ་རྒྱུའང་མཚམས་བཞག ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་བཏང་ཡོད་པ་དེ་དག་གི་ཚབ་ཏུ་རིམ་གྱིས་གཞུང་དམག་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཝེ་གྷ་ནར་དམག་ཚོགས་ཀྱིས་བཀྲམ་པའི་བརྙན་ཐུང་དེའི་ནང་དུ་འཐབ་མོ་བ་ཚོས་ང་ཚོར་མཚོན་ཆ་དང་མདེའུ་མེད། ང་ཚོར་མདེའུ་དང་རྒྱགས་ཆས་སྤྲོད་རོགས་བྱོས་ཞེས་ཞུ་བ་འཐེན། རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ཁང་གིས་བརྙན་ཐུང་དེས་ཝེ་གྷ་ནར་དམག་ཚོགས་དང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ་མཚོན་ཐུབ། ཡེབ་གྷེ་ཎི་པ་རི་གྷ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ཉེས་སྐྱོན་རྣམས་ཐེར་འདོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག ཁོ་པས་རང་གི་སྒེར་དམག་ཚོགས་པ་དེའི་སྟོབས་ཤུགས་རྒྱ་བསྐྱེད་པར་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་ཉེས་སྐྱོན་ཁོ་ན་བཏོན། ཨུ་རུ་སུའི་གཞུང་དམག་གིས་སྒྲུབ་མི་ཐུབ་པའི་ལས་འགན་རྣམས་གླས་དམག་གིས་སྒྲུབ་ཐུབ་ཀྱི་ཡོད་པའི་འུར་སྒྲོགས་བྱས་ནས་འགལ་ཟླ་ཆེ་རུ་གཏོང་གི་འདུག་ཅེས་བསྟན། ཝེ་གྷ་ནར་དམག་ཚོགས་ལ་གླས་དམག་ཅི་ཙམ་ཡོད་མེད་གྱི་གྲངས་འབོར་དེ་གསལ་པོ་ཞིག་ཤེས་དཀའ། ཉམས་ཞིབ་པ་ཕལ་ཆེ་བས་ཝེ་གྷ་ནར་གླས་དམག་ཚོགས་པར་འཐབ་མོ་བ་ཁྲི་ཚོ་༥་ཡས་མས་ཤིག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཕོ་བྲང་དཀར་པོས་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་ཁྲི་ཚོ་༣་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ། སྔ་ལོ་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་གིས་ཡུཀ་རེན་གྱི་སོ་ལེ་ཌར་གྲོང་རྡལ་བླངས། དེང་སྐབས་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་ལ་དཔུང་འཇུག་བྱས་ནས་ལེན་ཐབས་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་གིས་འགོག་རྒོལ་བྱས་ནས་ཨུ་རུ་སུའི་གླས་དམག་ལ་ཕམ་ཉེས་ཆེན་པོ་འཕོག་གི་ཡོད་པ་སྟེ། ༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ཟླ་དཀྱིལ་ནས་༢༠༢༣་ལོའི་ཕྱི་ཟླ་༢་པའི་ཟླ་དཀྱིལ་བར་དུ་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་༩༠༠༠་བསད་ཡོད་པའི་གནས་ཚུལ་ཐོན།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་སྐམ་དམག་བརྒྱ་ཆ་༩༧་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་ཟིན་ཡོད་པར་མ་ཟད། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་འདས་པའི་ལོ་གཅིག་གི་རིང་ཨུ་རུ་སུའི་གཞུང་དམག་དང་སྒེར་དམག་ཅེས་ཁྱོན་བསྡོམས་དམག་མི་༡༧༥༠༠༠་ནས་༢༠༠༠༠༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་འདུག་ཟེར། དབྱིན་ཇིའི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུའི་དམག་མི་ཁྲི་ཚོ་༤་ནས་ཁྲི་ཚོ་༦་ཙམ་བསད་ཡོད་ས་རེད། གལ་སྲིད་གསང་བའི་ལས་ཁུངས་ཁག་གིས་ཤེས་རྟོགས་བྱུང་བའི་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་བདེན་པ་ཡིན་ཚེ། དེང་རབས་ཀྱི་དམག་འཁྲུག་གང་དུའང་བྱུང་མྱོང་མེད་པའི་བསད་རྨས་ཚབས་ཆེན་ཞིག་ཨུ་རུ་སུར་བྱུང་འདུག ཨུ་རུ་སུའི་དམག་མི་བསད་པའི་གྲངས་འབོར་མང་དོན་ནི་དམག་ས་ཁག་ཏུ་སྨན་བཅོས་ཀྱི་མཐུན་རྐྱེན་མ་ཐོབ། ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མེ་སྒྱོགས་སྤྲད་ནས་ཨུ་རུ་སུའི་དམག་མི་བསད་རྨས་འབྱུང་རྒྱུ་ཇེ་མང་དུ་སོང་། ན་ནིང་ཕྱི་ཟླ་༩་པའི་ནང་ཕུ་ཊིན་གྱིས་དམག་སྐུལ་བྱས་ནས་སྐྱེས་པ་འབུམ་༣་དམག་ཁྲལ་བསྡུས་པ་ཚོར་དམག་སྦྱོང་ཡག་པོ་མ་ཐོབ་པར་དམག་སར་བཏང་སྟེ་བསད་རྨས་བྱུང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུའི་དམག་སྐུལ་བྱས་པ་ཐེངས་དང་པོ་ཡིན་ཞིང་། ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་བརྒྱ་ཆ་༥༠་ཐམ་པ་རྩ་མེད་ཕྱིན་འདུག་ཅེས་གནས་ཚུལ་སྤེལ། ཝེ་གྷ་ནར་དམག་ཚོགས་ཀྱི་འཐབ་མོ་བ་རྣམས་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་པར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་གིས་དམག་ཚོགས་དེའི་འགོ་ཁྲིད་དང་དམག་ཚོགས་དེར་འབྲེལ་བ་ཡོད་པའི་སྒྲིག་འཛུགས་ཁག སྐྱེ་བོ་སྒེར་པ་བཅས་ལ་ཉེས་ཆད་གཅོད་རྒྱུའི་ཐག་བཅད།།

ཨུ་རུ་སུའི་ལས་འགུལ་བ་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱི་དམིགས་འབེན་གཙོ་བོ་ནི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཇཱི་ར་སི་མོབ་གཉིས་ཡིན་འདུག པ་རི་གྷོ་ཞིན་གྱིས་རང་གི་སྒེར་དམག་ཚོགས་པས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་དབང་བསྒྱུར་བྱ་རྒྱུའི་ཀུན་སློང་བཅངས་ཡོད་པ་རེད་ཅེས་བཤད། ན་ནིང་ཕྱི་ཟླ་༨་པའི་ནང་དུ་པ་རི་གྷོ་ཞིན་ཨུ་རུ་སུའི་བཙོན་ཁང་ཁག་ཏུ་བསྐྱོད་ནས་བཙོན་པ་གང་ཞིག་ཟླ་བ་༦་ལ་གླས་དམག་ཁོངས་སུ་ཞུགས་ན་ནག་ཉེས་གུ་ཡངས་གཏང་ཆོག་ཅེས་ཁས་བླངས། དེར་བརྟེན་ཚེ་བཙོན་དང་ལོ་མང་གི་བཙོན་འཇུག ཐ་ན་སྲོག་ཁྲིམས་བཅད་ནས་མ་བསད་པར་བཞག་ཡོད་པའི་བཙོན་པ་ཚོ་གླས་དམག་ཁོངས་སུ་ཞུགས། བཙོན་དམག་མང་ཆེ་བར་དམག་སྦྱོང་མ་སྤྲད་པ་དང་མཚོན་ཆ་ཡག་པོ་མེད་པ། ཁོ་ཚོ་ཕངས་སེམས་མེད་པར་སྒྱོགས་མདེལ་ལྟར་འཕེན་པའམ། ཡང་ན་ཡུཀ་རེན་གྱི་མཚོན་ཆའི་ཤ་འཐག་འཁོར་ལོའི་ནང་དུ་བརྫངས་ནས་གསོད་དུ་འཇུག་གི་ཡོད་པ་རེད་ཅེས་ཡོངས་གྲགས་སུ་གྱུར། ཁ་སྔོན་ཕྱི་ཟླ་༡༢་པའི་ནང་དུ་ཨ་མི་རི་ཀའི་གཞུང་གིས་ཝེ་གྷ་ནར་དམག་ཚོགས་ཀྱིས་བཙོན་པ་ཁྲི་ཚོ་༤་ལྷག་ལ་དམག་ཁོངས་སུ་བསྡུས་འདུག་ཅེས་བཀྲལ། ཕྱི་ཟླ་༢་པའི་ཚེས་༡༨་ཉིན་འཇར་མན་གྱི་མུ་ནིག་གྲོང་ཁྱེར་དུ་ཚོགས་པའི་བདེ་འཇགས་ཚོགས་ཆེན་ཐོག་ཏུ་ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིས་ཕུ་ཊིན་གྱི་བཙན་འཛུལ་དམག་འཁྲུག་ལ་ཁ་རྡུང་དང་ཡུཀ་རེན་གྱི་ས་ཐོག་ཏུ་ཨུ་རུ་སུས་འགྲོ་བ་མི་ལ་ཉེར་འཚེའི་ནག་ཉེས་བསགས་པ་འདུག་ཅེས་ནག་ཉེས་བཙུགས། ད་ལྟ་ཨུ་རུ་སུའི་གཞུང་དང་ཝེ་གྷ་ནར་དམག་ཚོགས་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་གསར་པ་གཏོང་རྒྱུ་མི་རྙེད། ཕུ་ཊིན་གྱིས་དམག་སྐུལ་བྱས་པའི་རྗེས་སུ་སྐྱེས་པ་འབུམ་༥་ནས་ས་ཡ་༡་ཡས་མས་ཤིག་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས།།

ཕྱི་ཟླ་༢་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝེ་གྷ་ནར་དམག་ཚོགས་ཀྱི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་སྐྱོན་བརྗོད་ཇི་ལྟར་བྱས་ཀྱང་ཕུ་ཊིན་གྱིས་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་འཕོ་འགྱུར་གཏོང་རྒྱུའི་རྣམ་པ་མི་འདུག རྒྱལ་ཁབ་གཞན་ཞིག་ཡིན་ན་དམག་མི་འབུམ་༢་ཡས་མས་ཤིག་བསད་རྨས་བྱུང་བའ་རྗེས་སུ་རྒྱལ་སྲུང་བློན་ཆེན་དེ་མུ་མཐུད་དུ་རང་གི་ལས་གནས་སུ་འདུག་ཐུབ་རྒྱུ་ཁག་པོ་ཡིན་ཤས་ཆེ། ཡིན་ནའང་ལོ་ན་༦༧་ལ་སོན་པའི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་མཐའ་གཅིག་ཏུ་ཕུ་ཊིན་ལ་གཞུང་དྲང་བློ་དཀར་ཡིན་པས་སྔར་བཞིན་གོ་གནས་འཛིན་ཐུབ། ཕུ་ཊིན་ལ་རྒྱལ་སྲུང་བློན་ཆེན་འཇོན་པོ་ཞིག་དགོས་ཀྱི་མེད་པ་དང་གཞུང་དྲང་བློ་དཀར་གྱི་མི་ཞིག་དགོས་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག ཁར་ཎི་གྷི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་ཨན་ཌི་རིའུ་ཝེ་སི་ཡིས་མི་ཞིག་ཕུ་ཊིན་གྱི་ནང་འཁོར་དུ་འགྱུར་བར་གཞུང་དྲང་བློ་དཀར་ཡིན་དགོས་པ་ཆ་རྐྱེན་ཨང་དང་རེད། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སོགས་ལ་འཇོན་ཐང་མེད་པ་དང་ལས་དོན་འཐུས་ཤོར་འགྲོ་ཡི་ཡོད་སྲིད། འོན་ཀྱང་ཕུ་ཊིན་གྱིས་རང་ལ་བློ་དཀར་བའི་མི་ཞིག་གནས་དབྱུང་གཏོང་རྒྱུ་སྟབས་བདེ་པོ་མེད་པས་རྒྱལ་སྲུང་བློན་ཆེན་སོགས་རང་སོར་འཇོག་ངེས་རེད་ཅེས་གནས་ཚུལ་སྤེལ། སི་ཊན་ནོ་ཝ་ཡ་ཞེས་པའི་ཨུ་རུ་སུའི་ཉམས་ཞིབ་པ་ཞིག་གིས་༡༩༩༩་ལོར་སེར་གྷེ་ཤོ་གུ་སྲིད་དོན་ཚོགས་པ་ཞིག་གི་འགོ་ཁྲིད་ཡིན་པ་དང་ཕུ་ཊིན་ལ་རྒྱབ་སྐྱོར་བྱས་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་། དེ་ནས་བཟུང་སྟེ་ཕུ་ཊིན་གྱིས་སར་གྷེ་ཤོ་གུ་བློ་གཏད་བྱ་ཡུལ་ཞིག་ཏུ་གྱུར་ཏེ་༢༠༡༢་ལོར་རྒྱལ་སྲུང་བློན་ཆེན་བསྐོས། སར་གྷེ་ཤོ་གུས་ཁྲིམས་འགལ་དང་ཕུ་ཊིན་ལ་ཁྲེལ་མེད་མ་བྱས་ན་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣའི་ཁོངས་ནས་གནས་དབྱུང་གཏོང་ཐུབ་རྒྱུ་ཁག་པོ་རེད། ད་ལྟ་དམག་འཁྲུག་གི་དུས་སྐབས་ཡིན་པས་མི་ཞིག་གིས་ལམ་གྱི་བཞི་མདོར་བསླེབས་པའི་སྐབས་སུ་རང་གི་བཞོན་རྟ་བརྗེ་མི་སྲིད་ཅེས་གསལ་བཀྲོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG