ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༩

ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཚོགས་པ་དེ་གང་འདྲ་ཞིག་རེད། 


༄༅།། དེང་སྐབས་འཛམ་གླིང་གི་གསར་འགྱུར་ནང་དུ་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཚོགས་པ་ཞེས་ཡང་ནས་ཡོང་དུ་ཐོན། ཝེ་གྷ་ནར་གླས་དམག་ཚོགས་པ་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་ཉེ་གྲོགས་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་བཙུགས་པའི་སྒེར་དམག་ཚོགས་པ་ཞིག་ཡིན་པ་དང་ཡུཀ་རེན་གྱི་དམག་འཁྲུག་མ་ལངས་གོང་ནས་ཚུགས་པའི་གླས་དམག་ཚོགས་པ་ཞིག་ཡིན་ཞིང་། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་༢༠༡༤་ལོར་ཝེ་གྷ་ནར་གླས་དམག་ཚོགས་པ་བཙུགས་ཏེ་དཔུང་རྟགས་མེད་པའི་དམག་ཆས་གྱོན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཁ་བྲལ་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་ས་ཆ་བཙན་འཕྲོག་བྱས་པའི་དུས་སུ་ཝེ་གྷ་ནར་གླས་དམག་ཚོགས་པས་གཞོགས་འདེགས་ཀྱི་ལས་འགན་བསྒྲུབས། ན་ནིང་དཔྱིད་ཀར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་དམག་འཁྲུག་གི་མདུན་སར་རྒྱབ་གནོན་དུ་བཏང་སྟེ་མི་གསོད་ཁྲག་སྦྱོར་གྱི་ལས་སུ་ཞུགས། ཉེ་དུས་ཤིག་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་རྣམས་བྷ་ཧ་མུ་ཏ་གྲོང་ཁྱེར་དང་སོ་ལེ་ཌར་གྲོང་རྡལ་གྱི་དམག་ས་ཁག་ཏུ་གཏོང་རྒྱུ་ཤུགས་ཆེ་རུ་སོང་། ཝེ་གྷ་ནར་གླས་དམག་ཚོགས་པར་འཐབ་མོ་བ་སྟོང་ཕྲག་མང་པོ་ཡོད་པའི་གྲས་ཀྱི་མང་ཆེ་བ་ནི་དམག་སྦྱོང་གང་ལེགས་ཐོན་པའི་ཨུ་རུ་སུའི་དམག་མི་ཟུར་པ་རྣམས་ཡིན་ཞིང་། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་གི་རིང་ཨུ་རུ་སུའི་དམག་མི་འབུམ་༢་ཡས་མས་ཤིག་བསད་རྨས་བྱུང་། སྲིད་འཛིན་ཕུ་ཊིན་གྱིས་སྐྱེས་པ་འབུམ་༣་དམག་ཁྲལ་བསྡུས་པ་ཚོར་དམག་སྦྱོང་མ་ཐོབ་པ་དང་མཚོན་ཆ་ཡག་པོ་མེད་པ། ཁོ་ཚོ་དམག་ས་ཁག་ལ་འབྱོར་མ་ཐག་ཏུ་བསད་རྨས་བྱུང་བ་དང་ཡུཀ་རེན་གྱིས་འཛིན་བཟུང་ཐེབས། ད་དུང་ཨུ་རུ་སུའི་དམག་མི་བརྒྱ་ཕྲག་མང་པོ་དམག་ས་ཁག་ནས་བྲོས་ཏེ་ཡུཀ་རེན་ལ་མགོ་སྒུར། དམག་ཁྲལ་གྱི་ལོ་ཚད་ལོན་པའི་སྐྱེས་པ་འབུམ་ཕྲག་འགའ་ཞིག་ཕྱི་རྒྱལ་ཡུལ་ཁག་ཏུ་བྲོས། ཨུ་རུ་སུའི་གཞུང་ལ་དམག་མི་འདང་ངེས་མེད་པར་ཝེ་གྷ་ནར་གླས་དམག་ཚོགས་པར་མ་བརྟེན་ཀ་མེད་དུ་གྱུར།།

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པ་འཛུགས་མཁན་ཡེབ་གྷེ་ཎི་པ་རི་གྷོ་ཞིན་ནི་༡༩༦༡་ལོར་ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་སྐྱེས། ཁོ་པ་རྒྱལ་ཡོངས་གངས་ཤུད་སློབ་གྲྭར་འགྲིམས་ཀྱང་ཆུང་དུས་ནས་རྐུ་འཕྲོག་བཅོམ་གསུམ་གྱི་ཁྲིམས་འགལ་སྣ་ཚོགས་ཤིག་བྱས་ནས་བཙོན་དུ་བཅུག་སྟེ་ཁྲིམས་ཐག་བཅད། ༡༩༩༠་ཐམ་པའི་ལོར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་མ་སོང་གོང་དེར་པ་རི་གྷོ་ཞིན་བཙོན་བཀྲོལ་ཐོབ། ཁོ་པ་བཙོན་བཀྲོལ་ཐོབ་པའི་རྗེས་སུ་ལམ་ཟུར་དུ་རྒྱུ་མ་བག་ལེབ་ཀྱི་རླངས་འཁོར་ཚོང་ཁང་ཕྱེ་ནས་རིམ་གྱིས་ཟ་ཁང་བཙུགས་ཏེ་ཚོང་ལས་དར། སྟོང་ལོ་གསར་པའི་དུས་སུ་སྲིད་འཛིན་ཕུ་ཊིན་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམས་པ་རི་གྷོ་ཞིན་གྱི་ཟ་ཁང་དུ་གདན་འདྲེན་ཞུས་ནས་གསོལ་སྟོན་བཤམས། དེ་ནས་ཕུ་ཊིན་དང་པ་རི་གྷོ་ཞིན་གཉིས་ལ་ཚོང་འབྲེལ་བྱུང་སྟེ་མོ་སི་ཀོའི་སློབ་གྲྭ་ཁག་དང་ཨུ་རུ་སུའི་དམག་སྒར་ཁག་ལ་པ་རི་གྷོ་ཞིན་གྱི་ཟ་ཁང་ཁག་ནས་ཟས་རིགས་མཁོ་འདོན་བྱ་རྒྱུའི་གྲོས་མཐུན་བྱུང་། ཕུ་ཊིན་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོར་གསོལ་སྟོན་བཤམས་པའི་དུས་སུ་པ་རི་གྷོ་ཞིན་དངོས་སུ་ཡོང་ནས་ཟས་རིགས་འདྲེན་གྱི་ཡོད་པས་ཕུ་ཊིན་གྱི་མ་བྱན་ཞེས་མིང་ཐོགས། ཕུ་ཊིན་གྱི་འབྲེལ་བ་བརྒྱུད་ནས་པ་རི་གྷོ་ཞིན་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཁག་ལའང་འབྲེལ་བ་ཆགས་ཏེ་ཁེ་བོགས་ཆེ་བའི་ཚོང་ལས་བརྒྱ་ཕྲག་འགའ་ཞིག་བཙུགས། ༢༠༢༢་བར་དུ་ཝེ་གྷ་ནར་གླས་དམག་ཚོགས་པ་དང་པ་རི་གྷོ་ཞིན་གཉིས་འབྲེལ་བ་ཡོད་པ་ཕྱིར་བསྒྲགས་མ་བྱུང་། སྔ་ལོའི་ཕྱི་ཟླ་༩་པའི་ནང་དུ་ཨུ་རུ་སུའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་པ་རི་གྷོ་ཞིན་ནི་ཨུ་རུ་སུའི་ཝེ་གྷ་ནར་གླས་དམག་ཚོགས་པ་འཛུགས་མཁན་རེད་ཅེས་གནས་ཚུལ་ཐོན།།

འཇར་མན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྩ་ཁྲིམས་སུ་སྒེར་དམག་བཙུགས་ན་ཁྲིམས་འགལ་ཡིན། རྒྱལ་སྲུང་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་འགན་མཐའ་དག་རྒྱལ་ཁབ་ལ་ཡོད། ཨུ་རུ་སུའི་སྤྱི་དམངས་རྣམས་སྒེར་དམག་གི་ཁོངས་སུ་ཞུགས་མི་ཆོག ཨུ་རུ་སུའི་གཞུང་གཉེར་བཟོ་ཚོང་ལས་ཁང་ཁག་གིས་སྒེར་དམག་བཙུགས་ནས་བདེ་འཇགས་སྲུང་སྐྱོབ་པ་འཇོག་ཆོག་ཅེས་འཁོད། དེས་ན་ཝེ་གྷ་ནར་སྒེར་དམག་ཚོགས་པ་ཁྲིམས་མཐུན་དང་ཁྲིམས་འགལ་གྱི་བར་མཚམས་ཤིག་ཏུ་ཚུགས། དཔེར་ན་ཨུ་རུ་སུའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་ཧྥི་རི་ཀར་མ་རྩ་བཙུགས་ཏེ་གཏེར་ཁ་སྔོན་འདོན་བྱེད་ཀྱི་ཡོད་པ་དེ་དག་ལ་ཝེ་གྷ་ནར་གླས་དམག་ཚོགས་པའི་སྒེར་དམག་བཏང་ནས་སྲུང་སྐྱོབ་པ་བཞག ཨུ་རུ་སུའི་གཞུང་གིས་སྒེར་དམག་གླས་ནས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་གཏེར་ཁ་རྣམས་བདག་འཛིན་བྱེད་ཀྱི་ཡོད་པར་མ་ཟད། ལི་བྷི་ཡ་དང་སུ་དྷན། མ་ལི་དང་མ་དྷ་གྷ་སི་ཀར། སར་བྷི་ཡ་དང་དབུས་ཨ་མི་རི་ཀ་སྤྱི་མཐུན་རྒྱལ་ཁབ་དང་ཀིར་ཀི་སི་ཐན་བཅས་ཀྱི་ཆབ་སྲིད་དང་ནང་འཁྲུག་ལ་ཐེ་གཏོགས་བྱས་ནས་ཤུགས་རྐྱེན་ཐེབས་ཐབས་སུ་འབད། དེ་བཞིན་ཝེ་གྷ་ནར་གླས་དམག་ཚོགས་པའི་སྒེར་དམག་རྣམས་སི་རི་ཡའི་ནང་འཁྲུག་ལ་ཞུགས་ཏེ་སྲིད་འཛིན་ཨ་ས་ཐེའི་སྲིད་གཞུང་ལ་སྲུང་སྐྱོབ། ༢༠༡༦་ལོར་ཝེ་གྷ་ནར་གླས་དམག་ཚོགས་པས་ཨ་རིའི་སྲིད་འཛིན་འོས་འདེམས་དུས་སུ་དྲིལ་བསྒྲགས་ལོག་པ་དང་འཁྱོག་བཤད་ཀྱི་ལས་འགུལ་སྤེལ། ༢༠༡༩་ལོར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་ལ་ཉེས་ཆད་བཅད་པ་དང་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ལ་གཏོར་བརླག་བྱེད་མཁན་ཞེས་ནག་ཉེས་བཙུགས། ཨ་རི་དང་ལྷོ་ཨ་ཧྥི་རི་ཀ ཨི་རག་དང་ཀོ་ལིམ་བྷི་ཡ་སོགས་ལའང་སྒེར་དམག་ཡོད་ཀྱང་རྒྱལ་ཁབ་དེ་དག་གི་སྒེར་དམག་གིས་གཞན་གྱི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཀྱི་མེད་ཅིང་། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་ཁབ་ཁག་གིས་སྒེར་དམག་འཛུགས་ཀྱི་ཡོད་པར་བློ་འཚབ་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཊེམ་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པ་རྒྱ་ཆེ་བ་དང་ཡན་ལག་མང་བ། ལྷག་པར་དུ་སྲིད་འཛིན་ཕུ་ཊིན་དང་ཨུ་རུ་སུའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་འབྲེལ་བ་དམ་ཟབ་ཡོད་པས་སྲིད་གཞུང་གིས་འགོག་དཀའ་བ་ཞིག་ཏུ་གྱུར། ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ་ཚོས་གཡས་ཐལ་གྱི་བསམ་བློའི་ལྟ་བ་བཟུང་སྟེ་འཛམ་གླིང་ཡོངས་སུ་མཚན་སྤྱང་ཞེས་འབོད་པའི་མི་རིགས་དཀར་པོ་མཆོག་འཛིན་གྱི་ཚོགས་པ་ཁག་ལ་འབྲེལ་བ་བཙུགས། ཨ་རི་དང་དབྱིན་ཇི། ཡུ་རོབ་མཉམ་འབྲེལ་གྱིས་མཚན་སྤྱང་སྒྲིག་འཛུགས་ལ་ཉེས་ཆད་བཅད། ཝེ་གྷ་ནར་གླས་དམག་ཚོགས་པས་མཚན་སྤྱང་གི་ལས་རྟགས་འཛིན་གྱི་ཡོད་པ་རྣམས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཐོན། ཨ་རིའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཝེ་གྷ་ན་གླས་དམག་ཚོགས་པས་དམག་མི་ཁྲི་ཚོ་༥་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་འདུག གླས་དམག་ཁྲི་ཚོ་ལྔའི་ཁོངས་ནས་དམག་མི་ཁྲི་ཚོ་༤་ལྷག་བཙོན་པ་གླས་དམག་རེད་ཅེས་བཀྲལ། ད་ལྟ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་གླས་དམག་ཚོགས་པའི་དམག་མི་ཁྲི་ཚོ་༡་ཡས་མས་ཤིག་ལས་མེད་པ་སྟེ། གླས་དམག་ཁྲི་ཚོ་༢་ལྷག་དམག་ས་ཁག་ཏུ་བསད་རྨས་བྱུང་། གླས་དམག་ཁྲི་ཚོ་༡་ཙམ་དམག་ས་ཁག་ནས་བྲོས་པའམ། ཡང་ན་ཡུཀ་རེན་ལ་མགོ་སྒུར། ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ས་གནས་ཁག་གི་བཙོན་པ་༣༥༠༠་ཝེ་གྷ་ནར་གླས་དམག་ཚོགས་པའི་དམག་ཁོངས་སུ་བཙན་གྱིས་བསྡུས། ཟླ་ཤས་གོང་ནས་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཞིན་དང་ཆེ་ཆི་ཎི་ཡའི་འགོ་ཁྲིད་རམ་ཛན་ཀ་རི་རོབ་རྣམས་མ་འཆམ་པར་འགལ་ཟླ་ཆེན་པོ་ལངས་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ན་ནིང་ལོ་མཇུག་དེར་ལོ་༢༦་ལ་སོན་པའི་ཝེ་གྷ་ནར་གླས་དམག་ཚོགས་པའི་བཀོད་འདོམས་པ་མེ་ཌེ་ཝེ་ཌེབ་ཟེར་བ་ཞིག་ཡུ་རོབ་རྒྱལ་ཁབ་ནོར་ཝེ་ལ་བཙན་བྱོལ་དུ་བྲོས་ནས་སྐྱབས་བཅོལ་ཞུས། ཁོ་པས་གསར་འགོད་པར་ཝེ་གྷ་ནར་གླས་དམག་ཚོགས་པས་བཙོན་པ་རྣམས་དམག་འཁྲུག་རྒྱག་ཏུ་ཁྲིད་ཡོང་གི་རེད། ཐེངས་གཅིག་བཙོན་པ་གཉིས་ཁྲིད་བསླེབས་ཀྱང་འཐབ་འཁྲུག་རྒྱག་རྒྱུར་མ་འཐད། ཁོ་ཚོར་མེ་མདའ་བརྒྱབ་ནས་བཙོན་གཞན་གྱི་མདུན་དུ་བསད་སོང་། འདི་འདྲའི་གནས་ཚུལ་ནི་རྟག་ཏུ་འབྱུང་གི་ཡོད་པ་དང་ང་ཚོ་དུད་འགྲོ་ལྟར་བཀོལ། ཨུ་རུ་སུའི་དམག་དཔོན་ཚོས་བཙོན་པ་རྣམས་སྒྱོགས་མདེལ་ལྟར་དམག་སར་རྫོང་གི་འདུག ང་ཝེ་གྷ་ནར་གླས་དམག་ཚོགས་པའི་ཁོངས་སུ་ཞུགས་པར་ཤིན་ཏུ་འགྱོད། ང་ལ་ཞི་འཇམ་གྱི་འཚོ་བ་གསར་པ་ཞིག་སྐྱེལ་འདོད་ཡོད་ཅེས་བཤད། མེ་ཌེ་ཝེ་ཌེབ་ཀྱི་བཀོད་འདོམས་འོག་ཏུ་མི་༡༥་ཡོད་པ་དང་དེ་དག་གི་གྲས་སུ་ཡེབ་གྷེ་ཎི་ནུ་ཞིན་ཟེར་པ་ཞིག་ཡོད་པ་དང་། སྔ་ལོ་ནུ་ཞིན་གྱིས་ཡུཀ་རེན་ལ་མགོ་སྒུར་བ་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་ནུ་ཞིན་ལྟ་བུའི་མི་ངན་རྣམས་ཁྱི་ལྟར་གསོད་དགོས་ཞེས་བཀའ་ཕབ། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་མི་ཞིག་གིས་ནུ་ཞིན་གྱི་མགོ་ལ་ཐོ་བ་གཞུས་ནས་བསད། མེ་ཌེ་ཝེ་ཌེབ་ཀྱིས་བྲོས་དམག་དང་དགྲ་བོར་མགོ་བསྒུར་བ་རྣམས་ཝེ་གྷ་ནར་གླས་དམག་ཚོགས་པས་ནམ་ཡང་གསོན་པོར་འཇོག་གི་མ་རེད། འདི་ནི་ཝེ་གྷེ་ནར་གླས་དམག་ཚོགས་པའི་ལུགས་སྲོལ་རེད་ཅེས་ཐེར་འདོན་བྱས་ཤིང་། ཨུ་རུ་སུའི་གླས་དམག་གིས་ཡུཀ་རེན་གྱི་མི་མང་དཀྱུས་མ་རྣམས་དམར་གསོད་བྱས་ནས་ནག་ཉེས་ཆེན་པོ་བསགས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༢་པའི་ཚེས་༩་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝེ་གྷ་ནར་གླས་དམག་ཚོགས་པའི་བདག་པོ་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གྱིས་འཐབ་མོ་བ་བསྡུ་ཡུལ་གསར་པ་འཚོལ་གྱི་ཡོད། འདས་པའི་ཟླ་བ་དགུའི་རིང་བཙོན་ཁང་ཁག་ནས་བཙོན་པའི་དམག་མི་ཡག་པོ་བསྡུ་ཐུབ་སོང་། ད་ནས་ང་ཚོས་བཙོན་ཁང་ཁག་ནས་དམག་མི་བསྡུ་རྒྱུ་རྦད་དེ་མཚམས་བཞག་པ་ཡིན། བཙོན་ཁང་ནས་བསྡུས་པ་ཚོས་རང་རང་གི་གན་རྒྱ་ལྟར་ལས་འགན་སྒྲུབ་ཀྱི་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་ཕྱུག་བདག་དེས་བཙོན་ཁང་ཁག་ནས་དམག་མི་བསྡུ་རྒྱུ་ཅིའི་ཕྱིར་མཚམས་བཞག་པའི་འགྲེལ་བཤད་གང་ཡང་བརྒྱབ་མེད་ཀྱང་དེ་ལ་རྒྱུ་རྐྱེན་འགའ་ཞིག་ཡོད་ཤས་ཆེ། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་བཙོན་པ་ཚོ་སྔར་བཞིན་གླས་དམག་ཁོངས་སུ་ཞུགས་འདོད་མེད་པའམ། ཡང་ན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་བཀག་འགོག་བྱེད་ཀྱི་ཡོད་པ་ཡིན་སྲིད། དེ་མིན་ན་པ་རི་གྷོ་ཞིན་ལ་སྔར་བཞིན་གླས་དམག་བསྡུ་བའི་འགྲོ་གྲོན་མེད་པ་དང་པ་རི་གྷོ་ཞིན་གྱི་གླས་དམག་གིས་འཐབ་འཁྲུག་རྒྱག་གི་ཡོད་པ་ཨུ་རུ་སུའི་དམག་ཇུས་ལ་འཚམས་པོ་མེད་པ་ཡིན་སྲིད་པའི་ཚོད་དཔག་སྣ་ཚོགས་ཤིག་བྱེད་དགོས་པར་གྱུར། ཡུཀ་རེན་གྱི་འཛིན་བཟུང་བྱས་པའི་ཨུ་རུ་སུའི་བཙོན་པ་དམག་མི་གཉིས་ལ་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་བཅར་འདྲི་ཞུས། ཁོ་ཚོས་ན་ནིང་ཕྱི་ཟླ་༨་པ་དང་༩་པའི་ནང་དུ་པ་རི་གྷོ་ཞིན་ཐད་འཕུར་གནམ་གྲུའི་ནང་དུ་བཙོན་ཁང་ཁག་ལ་བསླེབས་བྱུང་། ཁོ་པས་བཙོན་པ་ཚོར་གླ་ཕོགས་དང་ཁེ་ཕན་ཆེན་པོ་སྤྲོད་ཆོག བཙོན་པ་ཚོའི་ནག་ཉེས་ཀྱི་ཟིན་ཐོ་རྣམས་ནག་སུབ་བྱ་རྒྱུའི་ཁས་ལེན་བྱས་ནས་བཙོན་འཇུག་གི་ལོ་དུས་ཚང་བར་བདུན་ཕྲག་འགའ་ཤས་ལས་མེད་པའི་བཙོན་པ་ཚོས་ཀྱང་གན་རྒྱ་བཞག་ནས་གླས་དམག་ཁོངས་སུ་ཞུགས་སོང་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཝེ་གྷ་ནར་གླས་དམག་ཚོགས་པས་བཙོན་པ་གླས་དམག་ཁོངས་སུ་བསྡུས་པ་ཚོའི་ཟླ་བ་༦་གི་གན་རྒྱའི་དུས་ཡུན་རྫོགས་ཀྱང་མུ་མཐུད་དུ་གླས་དམག་ཁོངས་སུ་བཙན་ཉར་བྱེད་ཀྱི་འདུག བཙོན་དམག་གང་ཞིག་གིས་གན་རྒྱའི་དུས་ཡུན་རྫོགས་པའི་རྗེས་སུ་འཐབ་འཁྲུག་རྒྱག་རྒྱུ་མིན་ཟེར་ཚེ། མི་དེ་བསྐྱར་དུ་བཙོན་ཁང་དུ་འཇུག་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG