ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་ཤར་ཏི་ཀི་སི་ཐན་ཨེ་སི་ལམ་ཚོགས་པ་འཇིགས་སྐུལ་རིང་ལུགས་པ་མིན་པའི་གསལ་བསྒྲགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཨ་རིས་ཤར་ཏི་ཀི་སི་ཐན་ཨེ་སི་ལམ་ལས་འགུལ་ཞེས་པའི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་གྲས་སུ་མི་འཇོག་རྒྱུའི་ཁྱབ་བསྒྲགས་བྱས་འདུག་པ་དང་། རྒྱ་ནག་གི་ཕྱོགས་ནས་དེ་དོན་ལ་ངོ་རྒོལ་བྱས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕིན་ཕེ་ཨོ་ལགས་ནས་གསལ་བསྒྲགས་བྱེད་དོན་ལ། གནས་སྤོས་དང་རྒྱལ་སྤྱིའི་ཁྲིམས་ལུགས་བསྐྱར་བཅོས་ཀྱི་དབང་ཆ་གཞིར་བཟུང་ཤར་ཏི་ཀི་སི་ཐན་ཨེ་སི་ལམ་ལས་འགུལ་ཅེས་པའི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་གསུངས་འདུག

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང་ཝེན་པིང་ནས་རེས་གཟའ་པ་སངས་ཀྱི་ཉིན་མོའི་གསར་འགོད་ལྷན་ཚོགས་སྟེང་། པེ་ཅིང་ཕྱོགས་ནས་ཨ་རིའི་ཐག་གཅོད་དེར་ངོས་ལེན་བྱེད་མི་སྲིད་པ་མ་ཟད་དེ་ལ་བློ་ཕམ་ཡོད་ཅེས་བརྗོད་འདུག ཝང་ཝེན་པིང་གིས་བརྗོད་དོན། ཨ་རིས་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ལ་མགོ་གཉིས་མའི་རྣམ་འགྱུར་ངན་པ་བསྟན་སོང་ཞེས་དང་། སྒྲིག་འཛུགས་དེ་གས་རྒྱུན་རིང་པོར་ཡུ་གུར་མི་རིགས་ལ་དྲག་པོའི་སྒོ་ནས་གནོད་འཚེ་བཏང་བའི་ལོ་རྒྱུས་ཡོད་ཅིང་། དེས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་ཅེས་བརྗོད་འདུག

ཨ་རིས་༢༠༠༢ལོར་ཤར་ཏི་ཀི་སི་ཐན་ཨེ་སི་ལམ་ལས་འགུལ་ཞེས་པའི་ཚོགས་པ་དེ་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་གི་ཁོངས་སུ་བཅུག་ཅིང་། ༢༠༠༡ལོའི་ཟླ་༩ བའི་ཚེས་༡༡ཉིན་འཇིགས་སྐུལ་དྲག་སྤྱོད་པས་གྲོང་ཁྱེར་ཉིག་ཡོག་ཏུ་ཡོད་པའི་འཛམ་གླིང་ཚོང་དོན་ལྟེ་གནས་ཀྱི་ཐོག་ཁང་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ཐོག་ཁང་གཉིས་ལ་གཏོར་རྒོལ་བཏང་རྗེས། ཨ་རིའི་ཕྱོགས་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པར་ངོ་རྒོལ་གྱི་ལས་དོན་ཐད་རྒྱ་ནག་གཞུང་དང་་མཉམ་འབྲེལ་བྱ་རྒྱུའི་སྐུལ་སློང་བྱས་པར་བརྟེན། རྒྱ་ནག་གིས་གོ་སྐབས་དེ་བཟུང་ནས་ཨེ་སི་ལམ་ལས་འགུལ་ཞེས་པའི་ཚོགས་པ་དེས་འཇིགས་སྐུལ་གྱི་བྱ་སྤྱོད་ཐེངས་མང་པོར་སྤེལ་ཡོད་པའི་ཉེས་འདོགས་དང་། ཚོགས་པ་དེ་འདྲ་ཞིག་ཡོད་པར་ཁ་གཡར་ནས་ཤར་ཏི་ཀི་སི་ཐན་གྱི་ཡུ་གུར་བ་གཙོས་པའི་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ཀྱི་སྟེང་དུ་ལུགས་མཐུན་མིན་པའི་དྲག་གནོན་ཚབས་ཆེན་བྱས་ནའང་། ཨ་རིའི་ཆབ་སྲིད་འཛིན་སྐྱོང་གི་གནད་ཡོད་མི་སྣ་དང་ཉམས་ཞིབ་པ་ཚོས་དུས་ཡུན་རིང་པོའི་ནང་ཚོགས་པ་དེའི་ལེགས་ཉེས་དང་ཤུགས་རྐྱེན་གྱི་སྐོར་ལ་རྒྱུས་ལོན་གསལ་བོར་བྱུང་མེད་པས་ད་ཐེངས་སྔོན་གྱི་ཐག་གཅོད་དེ་ཕྱིར་འཐེན་བྱེད་དགོས་བྱུང་བ་རེད།

XS
SM
MD
LG