ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཨུ་རུ་སུས་གསོད་པ་དང་འཛིན་དགོས་པའི་ཐོ་གཞུང་ཞིག་བཀོད་ཡོད་སྐད། 


༄༅།། ཨ་རིའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྙན་ཞུ་ཞིག་ཕུལ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཡུཀ་རེན་བ་གསོད་དགོས་པའམ། ཡང་ན་འཛིན་བཟུང་བྱས་ནས་ངལ་རྩོལ་བསྒྱུར་བཀོད་བཙོན་སྒར་དུ་འཁྲིད་དགོས་པའི་ཐོ་གཞུང་ཞིག་བསྒྲིགས་འདུག་ཅེས་སྙན་སེང་ཞུས། ཕོ་བྲང་དཀར་པོའི་སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་དམངས་ལ་དྲག་གནོན་བྱས་ནས་རྨེག་མེད་དུ་འཇོམས་རྒྱུ་དང་ཡུཀ་རེན་གྱི་མི་དམངས་ལ་གནོད་འཚེ་གཏོང་ཐུབ་པའི་དམག་འཁྲུག་ཅིག་སློང་ས་རེད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་དེའི་སྐོར་གྱི་ནང་དོན་ཞིབ་ཕྲ་ཞུས་ཡོད་ཅེས་བཤད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཀྱིས་ཨུ་རུ་སུས་བཙན་འཛུལ་བྱས་པའི་རྗེས་སུ་ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་དང་དྲག་གནོན་ཚབས་ཆེན་ཐེབས་རྒྱུའི་རྟགས་མཚན་འདུག ཨུ་རུ་སུའི་འཆར་གཞིའི་ཁོངས་སུ་མི་ཁག་ཅིག་དམིགས་འབེན་དུ་བཟུང་ནས་ལྐོག་གསོད་བྱེད་པ་དང་བཙན་ཁྲིད། ཁོ་ཚོ་གར་སོང་ཆ་མེད་དུ་འགྱུར་རྒྱུ་དང་བཙན་དབང་གིས་བཀག་ཉར་བྱ་རྒྱུ། མི་དེ་ཚོར་མནར་གཅོད་གཏོང་རྒྱུའི་ཐོ་གཞུང་ཞིག་བསྒྲིགས་འདུག ཨུ་རུ་སུའི་གསོད་གཏུབ་ཀྱི་ཐོ་གཞུང་དེར་འཁོད་པའི་མི་དེ་དག་གི་གྲས་སུ་བཙན་འཛུལ་ལ་ངོ་རྒོལ་བྱེད་མཁན་དང་ཡུཀ་རེན་ལ་བཙན་བྱོལ་དུ་བྲོས་པའི་ཨུ་རུ་སུ་དང་བྷེ་ལ་རུ་སིའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས། གསར་འགོད་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན། ཆོས་ལུགས་བྱེ་བྲག་པའི་རྗེས་འབྲང་བ་གྲངས་ཉུང་དང་མི་རིགས་གྲངས་ཉུང་། སྐྱེས་པ་མོ་འགྱུར་དང་བུད་མེད་ཕོ་འགྱུར་སོགས་མཚན་བསྒྱུར་བྱས་པ་རྣམས་ཚུད་ཡོད་ས་རེད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་མཱི་ཤཱེལ་བྷེ་ལིའི་མཚན་ཐོག་ཏུ་སྙན་ཞུ་ཞིབ་ཕྲ་ཞིག་ཕུལ་བ་རེད་ཅེས་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་འདུག

ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དུས་ཡུན་སྐར་མ་༥༧་ལ་གཏམ་བཤད་བྱས།
ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དུས་ཡུན་སྐར་མ་༥༧་ལ་གཏམ་བཤད་བྱས།

དེ་རིང་ཕྱི་ཟླ་༢་པའི་ཚེས་༢༢་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཀྱིས་ང་ཚོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་གསོད་དགོས་པ་དང་ངལ་རྩོལ་བསྒྱུར་བཀོད་བཙོན་སྒར་དུ་འཁྲིད་དགོས་པའི་ཐོ་གཞུང་ཞིག་བསྒྲིགས་ཡོད་པའི་གནས་ཚུལ་ཁུངས་ལྡན་ཡོད། ང་ཚོར་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་པའི་རྗེས་སུ་ཞི་བའི་ངོ་རྒོལ་བྱེད་མཁན་ཡུཀ་རེན་གྱི་མི་དམངས་རྣམས་དྲག་རྩུབ་ཀྱིས་ཁ་གཏོར་གཏོང་རྒྱུ། དེ་མིན་ན་ཡུཀ་རེན་གྱི་མི་མང་གི་ཞི་བའི་ངོ་རྒོལ་ལ་འཇབ་ཐབས་ཀྱིས་མགོ་བོ་འབུར་བཅོམ་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཁུངས་ལྡན་ཡོད་ཅེས་བཤད། འོན་ཀྱང་སྙན་ཞུ་དེར་ཨ་མི་རི་ཀར་གནས་ཚུལ་དེ་ཇི་ལྟར་རག་མིན་གསལ་བཀྲོལ་མ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཀྱང་ཨ་མི་རི་ཀའི་སྐུ་ཚབ་ཀྱིས་སྙན་ཞུ་དེ་འདྲ་ཞིག་ཕུལ་བྱུང་ཞེས་ངེས་གཏན་བྱས་ཤིང་། ཨ་མི་རི་ཀའི་སྐུ་ཚབ་ཀྱིས་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་སྙན་ཞུ་འདི་འབུལ་དགོས་དོན་ནི་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ཡུཀ་རེན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བསམ་ཡུལ་ལས་འདས་པའི་རྡོག་བརྫིས་ཐེབས་རྒྱུའི་སྔོན་བརྡ་བཏང་བ་ཡིན། ཉེ་ཆར་ཕྱི་ཟླ་༢་པའི་ཚེས་༡༧་ཉིན་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་གནད་དོན་འདི་གླེང་སློང་བྱས་པ་རེད། ཁོང་གིས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་ང་ཚོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་སྐྱེ་བོ་བྱེ་བྲག་པའི་རིགས་ཤིག་དམིགས་འབེན་དུ་བཟུང་ནས་རྩ་མེད་གཏོང་འཆར་ཡོད་པའི་གནས་ཚུལ་ཁུངས་ལྡན་ཡོད་པའི་སྙན་སེང་ཞུས་པ་རེད་ཅེས་ཚིག་འགའ་བསྣན།།

སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་གཞུང་མང་པོས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ལ་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཆབ་སྲིད་མི་སྣ་ལས་ཐོག་རྣམས་ཐོ་གཞུང་དུ་བཀོད། ཁོ་ཚོ་བཙན་འཛུལ་རྗེས་སུ་གནས་དབྱུང་གཏོང་རྒྱུ་དང་ད་ལྟའི་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུ། ཕུ་ཊིན་གྱིས་ཡུཀ་རེན་ལ་ཨུ་རུ་སུའི་བཀོད་ཇུས་ལ་ཉན་མཁན་དང་ཨུ་རུ་སུའི་ཕྱོགས་སུ་ལངས་མཁན་གྱི་སྲིད་གཞུང་ཞིག་གསར་འཛུགས་བྱ་་འཆར་འདུག་ཅེས་བསྒྲགས། དེའི་སྔོན་དེར་དབྱིན་ཇིའི་གཞུང་གིས་ཀྱང་ཕུ་ཊིན་གྱིས་ཡུཀ་རེན་ལ་ཨུ་རུ་སུར་གཞུང་དྲང་བློ་དཀར་གྱི་སྲིད་གཞུང་ཡུཀ་གསར་པ་ཞིག་འཛུགས་རྒྱུའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་གསང་བའི་ལས་ཁུངས་དང་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་གིས་གནས་དབྱུང་གཏོང་འཆར་ཡོད་པའི་ཡུཀ་རེན་གྱི་འགོ་ཁྲིད་དེ་ཚོ་བཙོན་འཇུག་དང་ལྐོག་གསོད་བྱ་རྒྱུའི་ཉེན་ཁ་འདུག་ཅེས་བཤད། ཡིན་ནའང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་ཐོ་གཞུང་དེར་མི་སུ་སུ་འཁོད་ཡོད་པ་དང་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་སྲིད་གཞུང་གསར་པ་ཞིག་བཙུགས་ན་སྲིད་གཞུང་གསར་པ་དེའི་འགོ་ཁྲིད་ལ་སུ་ཞིག་བསྐོ་བཞག་བྱ་རྒྱུ་ཡིན་མིན། ཡུཀ་རེན་བ་སུ་འདྲ་ཞིག་གིས་ཨུ་རུ་སུ་ལ་ཁ་མཐུན་བྱས་ནས་ཡུཀ་རེན་གྱི་ཁྲིམས་མཐུན་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ངན་ཇུས་གཤོམ་གྱི་ཡོད་པ་ཕྱིར་བསྒྲགས་བྱས་མེད་ཅིང་། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ལ་ཐོ་གཞུང་དེ་འདྲ་ཞིག་ངོ་མར་ཡོད་དམ་ཞེས་དྲིས། ཁོང་གིས་གསར་འགྱུར་དེ་རྟོག་བཟོ་དང་གཡོ་སྒྱུའི་རྫུན་གཏམ་འབའ་ཞིག་རེད། ངས་ཐོ་གཞུང་དེ་འདྲ་ཞིག་མེད་པ་ཤེས་ཀྱི་ཡོད། དེ་ནི་གསར་འགྱུར་རྫུན་མ་རྫུན་རྐྱང་རེད་ཅེས་ལན་བཏབ།།

ཁ་སང་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པར་མ་ཟད། མདང་དགོང་མངའ་ཁུལ་དེར་ཨུ་རུ་སུའི་ཞི་བདེ་སྲུང་དམག་ཡིན་ཞེས་དམག་དཔུང་དྲངས། ཕུ་ཊིན་གྱིས་དུས་ཡུན་སྐར་མ་༥༧་ལ་གཏམ་བཤད་བྱས་ནས་ཌོན་བྷ་སི་མངའ་ཁུལ་གྱི་ཌོ་ནེ་སིཀ་དང་ལུ་ཧན་སི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་བགྲངས། ཕུ་ཊིན་གྱིས་ཡུཀ་རེན་ནི་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ཙམ་མིན། ཡུཀ་རེན་ནི་ཨུ་རུ་སུའི་རིག་གཞུང་གི་ཆ་ཤས་ཤིག་ཡིན་ཞེས་ནན་གྱིས་བརྗོད། ཨུ་རུ་སུ་དམར་ཤོག་གི་མངའ་ཐང་རྒྱས་ཏེ་འཛམ་གླིང་གི་ཕྱེད་ཀ་ལྷག་ལ་དབང་བསྒྱུར་བྱས་པའི་དུས་སྐབས་དེ་ཕྱིར་དྲན་ཐུབ་པའི་མི་རབས་དེ་ལའང་ཡུཀ་རེན་ནི་ཨུ་རུ་སུའི་ཆ་ཤས་ཤིག་ཡིན་པའི་ལྟ་ཚུལ་གཅིག་མཚུངས་ཡོད་མོད། འོན་ཀྱང་ཡུ་ཧུ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་མི་དམངས་ལ་ཕུ་ཊིན་གྱི་ཕུགས་བསམ་མངོན་དུ་འགྱུར་བར་མིའི་ཚེ་སྲོག་དང་དཔལ་འབྱོར་གྱི་འགྲོ་གྲོན་བཏང་ནས་དམག་འཁྲུག་རྒྱག་འདོད་ཡོད་མེད་བཤད་དཀའ། ལྷག་པར་དུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་མཚོན་ཆ་དང་དཔལ་འབྱོར་རོགས་རམ། ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུའི་སེམས་ཐག་བཅད་ཡོད་པས་ཡུཀ་རེན་རྒྱལ་ཡོངས་ལ་བཙན་འཛུལ་བྱས་ནས་ཁྱུར་མིད་གཏོང་ཐུབ་རྒྱུ་ཁག་པོ་ཡིན་ཞིང་། གཟའ་ཟླ་བའི་ཉིན་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཕུ་ཊིན་གྱི་གཏམ་བཤད་དེ་ཨུ་རུ་སུའི་མི་དམངས་ལ་དམག་འཁྲུག་རྒྱག་དགོས་པར་རྒྱུན་མཚན་ཡོད་པའི་སྒྲུབ་བྱེད་བཀོད་པ་རེད་ཅེས་བཤད།།

ཕུ་ཊིན་ནས་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པར་སྲིད་འཛིན་བྷ་ཌན་གྱིས་དཔལ་འབྱོར་ཉེས་ཆད་ཀྱི་བཀོད་ཁྱབ་བཏང་།
ཕུ་ཊིན་ནས་ཡུཀ་རེན་གྱི་ཤར་ཕྱོགས་གྱེན་ལོག་པའི་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པར་སྲིད་འཛིན་བྷ་ཌན་གྱིས་དཔལ་འབྱོར་ཉེས་ཆད་ཀྱི་བཀོད་ཁྱབ་བཏང་།

མདང་དགོང་སྲིད་འཛིན་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ཁ་པར་ནང་དུ་བཀའ་མོལ་གནང་སྟེ་ཨ་མི་རི་ཀས་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་དུ་བཟློས། དེའི་སྔོན་དེར་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་བཟོ་ཚོང་ལས་ཁང་ཁག་གིས་ཨུ་རུ་སུས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱས་པའི་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་གཉིས་ལ་ཚོང་འབྲེལ་འཛུགས་མི་ཆོག་ཅེས་སྲིད་འཛིན་གྱི་བཀའ་རྒྱ་ཞིག་ལ་མཚན་རྟགས་བཀོད། སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀའི་གཞུང་ཚབ་ཁང་ཡུཀ་རེན་ནས་ཁྱིམ་མཚེས་རྒྱལ་ཁབ་ཕོ་ལན་ཌིའི་ས་ཐོག་ཏུ་སྤོར་དགོས་བཀའ་ཕབ། ཨ་རིའི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཡུཀ་རེན་གྱི་སྲིད་འཛིན་དང་གཞུང་གི་འགོ་ཁྲིད་ཚོ་ཕོ་ལན་ཌིའི་ས་མཚམས་སུ་ཉེན་གཡོལ་བསྐྱོད་དགོས་པའི་སྐུལ་ལྕག་བཏང་བ་རེད་ཅེས་གནས་ཚུལ་སྤེལ། གཟའ་ཟླ་བའི་ཉིན་ཕུ་ཊིན་གྱིས་གཏམ་བཤད་བྱས་པ་དེ་ལ་ཉན་ན་ཡུཀ་རེན་གཅིག་པུ་མིན་པར་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་སྒྱུར་འོག་ནས་རང་བཙན་བྱས་པའི་རྒྱལ་ཁབ་ཁག་ཀྱང་བསྐྱར་དུ་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་རྒྱུའི་བརྡ་གསལ་པོ་ཞིག་བཏང་ཞིང་། ཉམས་ཞིབ་པ་ཁག་ཅིག་གིས་ཕུ་ཊིན་གྱིས་ཡུཀ་རེན་རྒྱལ་ཡོངས་ལ་བཙན་འཛུལ་བྱེད་ཕོད་ཀྱི་མ་རེད། ཁོང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་ཀྱི་ཡོད་པ་འགོག་ཐབས་སུ་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱས་པ་ཅེས་བཤད། ཨུ་རུ་སུའི་དམག་དོན་མི་སྣ་ཁག་ཅིག་གིས་བྷེ་ལོ་རུ་སིའི་ས་ཐོག་ཏུ་འགྲེམ་འཇོག་བྱེད་ཡོད་པའི་ཨུ་རུ་སུའི་དམག་དཔུང་རྣམས་ཕྱིར་འཐེན་བྱེད་དགོས་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྣམས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ནས་ཕྱིར་འཐེན་བྱ་དགོས་ཞེས་ཆ་རྐྱེན་བཏོན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG