ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕུ་ཊིན་ནས་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན།


༄༅།། ཕྱི་ཟླ་༢་པའི་ཚེས་༢༡་གི་ཕྱི་དྲོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་དང་ཡུ་ཧན་སིཀ་ཞེས་འབོད་པའི་ཌོན་བྷ་སི་མངའ་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་གྱི་ཁྲིམས་ཡིག་ལ་མཚན་རྟགས་བཀོད། ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མས་གྲོས་ཆོད་བཞག་སྟེ་སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་གྱེན་ལོག་སྤྱི་མཐུན་ས་གནས་གཉིས་ཀྱི་རང་བཙན་ལ་ངོས་འཛིན་བྱ་དགོས་ཞེས་ཁྲིམས་ཡིག་གཏན་ལ་ཕབ། ད་ལྟ་སྲིད་འཛིན་ཕུ་ཊིན་གྱིས་དངོས་སུ་ཁྲིམས་ཡིག་མོས་མཐུན་ཡོད་པའི་མིང་རྟགས་བཀོད་ཡོད་པས་༢༠༡༥་ལོར་ཨུ་རུ་སུ་དང་ཡུཀ་རེན། ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོས་བྷེ་ལོ་རུ་སུའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་ཡུཀ་རེན་གྱི་གཞུང་གིས་ལོག་པ་ཚོར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ། ཨུ་རུ་སུའི་གཞུང་གིས་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱེད་དགོས་པ་དང་གྱེན་ལོག་པ་ཚོས་ནང་འཁྲུག་སློང་རྒྱུ་མཚམགས་འཇོག་བྱ་དགོས་པའི་ཞི་བའི་གྲོས་མཐུན་ཞིག་བཞག་པ་བརྩི་མེད་དུ་སོང་།།

སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་གྱེན་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་གྱི་ཁྲིམས་ཡིག་དེར་མཚན་རྟགས་མ་བཀོད་གོང་དུ་ཡུཀ་རེན་ནི་རྒྱལ་རབས་ལོ་རྒྱུས་ཐོག་ཏུ་ཨུ་རུ་སུ་བཙན་རྒྱལ་གྱི་མངའ་ཁོངས་སུ་གཏོགས། ལེ་ནིན་དང་སི་ཏ་ལིན་སོགས་ཨུ་རུ་སུ་དམར་ཤོག་གི་འགོ་ཁྲིད་ཚོས་ཡུཀ་རེན་ཞེས་པའི་རྒྱལ་ཁབ་ཅིག་གསར་བཟོ་བྱས་པ་རེད། ཡུཀ་རེན་ནི་མི་རིགས་དང་ཆོས་ལུགས། རིག་གཞུང་དང་སྐད་ཡིག་སོགས་ཕྱོགས་གང་ཐད་དུ་ཨུ་རུ་སུ་དང་་ཐ་དད་ཀྱི་ངོ་བོ་ཞིག་སྟོན་རྒྱུ་མེད་ཅེས་སྒྲུབ་བྱེད་རིང་པོ་ཞིག་བཀོད་པར་མ་ཟད། ཕུ་ཊིན་གྱིས་ཡུཀ་རེན་གྱིས་གྱེན་ལོག་ས་ཁུལ་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱ་རྒྱུའི་གསལ་བསྒྲགས་མ་སྤེལ་སྔོན་དུ་ཧྥ་རན་སིའི་སྲིད་འཛིན་དང་འཇར་མན་ཎིའི་སྲིད་བློན་གཉིས་ལ་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱ་རྒྱུ་ཡིན། ཨུ་རུ་སུ་ལ་རང་གི་མི་རིགས་སྲུང་སྐྱོབ་བྱེད་དགོས་པའི་འགན་འཁྲི་ཡོད་ཅེས་སྔོན་བརྡ་བཏང་འདུག

ཉེ་ཆར་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་ཕུ་ཊིན་གྱིས་ཐད་ཀར་ཡུཀ་རེན་གྱི་གཞུང་དམག་གིས་ཌོན་བྷ་སི་མངའ་ཁུལ་དུ་ཨུ་རུ་སུའི་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་ཚོར་ཤུགས་དྲག་པོས་བདེ་སྡུག་གླེང་། ཟླ་བ་སྔོན་མར་ཨུ་རུ་སུ་གཅིག་གྱུར་སྲིད་ཚོགས་པའི་འགོ་ཁྲིད་ཨན་ཌི་རི་ཐུ་ཆཱག་གིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོར་མཚོན་ཆ་རོགས་རམ་སྤྲོད་དགོས་ཞེས་བཤད། དེ་ནས་བཟུང་སྟེ་ཨུ་རུ་སུའི་སྲིད་དོན་པ་ཚོས་ཡུཀ་རེན་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་ལེན་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ༢༠༡༩་ལོ་ནས་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་གྱེན་ལོག་ས་གནས་ཁག་གི་མི་དམངས་ལ་ཨུ་རུ་སུའི་སྤྱི་དམངས་ཀྱི་ལག་འཁྱེར་སྤྲད། དེས་ན་ཡུཀ་རེན་གྱི་དམག་གིས་གྱེན་ལོག་པའི་ས་གནས་ཁག་ལ་དཔུང་འཇུག་བྱས་ནས་དམག་འཁྲུག་བརྒྱབ་ན་ཨུ་རུ་སུས་རང་གི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཆོག་པའི་ལན་ཁག་དཀྲི་ས་ཞིག་བཙལ། ད་སྔ་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་རྒྱལ་ཡོངས་ལ་བཙན་འཛུལ་བྱ་རྒྱུ་ཡིན་མིན་གསལ་བཀྲོལ་མ་བྱུང་། འོན་ཀྱང་ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། བྱང་ཕྱོགས་བཅས་སུ་ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་འབུམ་༡་དང་ཕྱེད་ཀ་ཙམ་བཀྲམ་ནས་དཔུང་འཇུག་གི་དམག་གྲ་བསྒྲིགས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG