ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དོན་ཚན་བཅུ་བདུན་ཟེར་བའི་ཆིངས་ཡིག་སྐོར་ལ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ།


སྤྱི་ཟླ་༥ཚེས་༢༣ཉིན་རྒྱ་ནག་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་༧༠ འཁོར་བའི་དགའ་སྟོན་གྱི་ཉིན་མོ་ཞིག་ཡིན་པ་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བཞིན་ཡོད་པ་ཡིན་ན་ཡང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉིན་མོ་དེ་དང་བསྟུན་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་སྤྱི་ལོ་༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་པའི་རྗེས་༡༩༥༡་ལོར་དོན་ཚན་བཅུ་བདུན་ཟེར་བ་ཆིངས་ཡིག་དེ་བོད་རྒྱ་གཉིས་རང་དབང་ཐོག་གྲོས་མཐུན་བྱས་ནས་བཞག་པ་མ་ཡིན་པར་རྒྱ་དམར་གྱིས་དྲག་གནོན་དང་བཙན་དབང་འོག་བཞག་བཅུག་པ་ཞིག་ཡིན་པས་ཡིག་ཆ་དེར་ཁྲིམས་མཐུན་གྱི་གནས་བབ་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་ཡོད་པ་གསལ་འདུག

ཡང་ཚོགས་གཞོན་ཨཱཅརྱ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་བཅའ་འདྲི་ཞུ་སྐབས་ཁོང་གིས་བོད་རྒྱ་མིས་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠ཟེར་བ་འདི་བོད་མི་ཡོངས་ལ་མུན་ནག་གི་ཉིན་མོ་ཞིག་ཡིན་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་བཅིངས་འགྲོལ་བཏང་ཟེར་བ་འདི་རྩ་བ་ཉིད་ནས་མོས་མཐུན་དང་ངོས་ལེན་མེད་པ་མ་ཟད། རྒྱལ་སྤྱིའི་ནང་དུ་ཡང་བོད་འདི་རྒྱ་ནག་གིས་བཙན་འཛུལ་བྱས་པའི་གནང་བབ་ཅིག་གི་ཐོག་ནས་མི་ལོ་༦༢བཙན་བྱོལ་ནང་༧གོང་ས་མཆོག་གིས་ཆབ་སྲིད་ལམ་སྟོན་འོག་གནས་པའི་ཕྱི་ནང་གཉིས་ཀྱི་མིང་དོན་མཚུངས་པའི་བོད་མིའི་སྒྲིག་འཛུགས་ཡོད་པ་ཡིན་ཙང་། དེའི་རྒྱུ་མཚན་གྱིས་རྒྱ་གཞུང་གི་འཁྲབ་སྟོན་ག་ཚོད་བྱས་ཀྱང་། རྒྱལ་སྤྱིའི་ནང་ངོས་ལེན་བྱེད་ཀྱི་མེད་པ་སོགས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ཁོང་གིས་ངོ་སྤྲོད་གནང་བྱུང་།


XS
SM
MD
LG