ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་དམག་ས་ཁག་ཏུ་བྷུ་རུ་ཡའི་དམག་མི་བསད་རྨས། 


༄༅།། བྷུ་རི་ཡ་སྤྱི་མཐུན་ས་གནས་ནི་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་ཆུ་ཚོད་མ་འདྲ་བའི་ས་ཁུལ་ལྔའི་མཚམས་སུ་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་གི་ཤུགས་རྐྱེན་ཐེབས་རྒྱུ་གཡོལ་ཐབས་མ་རྙེད། ད་ལྟ་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་འཁོར་བའི་སྐབས་འདིར་དབྱིན་ཇིའི་གནམ་འཕྲིན་(Sky New)གསར་ཁང་གིས་བྷུ་རི་ཡའི་ས་གནས་ཀྱི་མི་དམངས་ལ་དམག་འཁྲུག་གི་ཤུགས་རྐྱེན་ཅི་ཐེབས་བཅར་འདྲི་ཞུས། བྷུ་རི་ཡའི་ཆགས་ཡུལ་དེ་སོག་ཡུལ་གྱི་འཁྲིས་སུ་ཡོད་པ་དང་ཁ་བས་ཡོངས་སུ་བཀླུབས་པའི་རྩྭ་ཐང་། ནང་པའི་ལྷ་ཁང་ཁག་གི་གསེར་ཏོག་སོགས་སེར་ལྷམ་མེར་ཡོད་པས་ཨུ་རུ་སུ་དང་གཏན་ནས་མ་འདྲ་བ་ཞིག་ཡིན་མོད། འོན་ཀྱང་སྔ་ལོ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་དཀའ་ངལ་དེ་ས་ཕྱོགས་ཀུན་ཏུ་ཁྱབ། དཔེར་ན་བྷུ་རི་ཡའི་རྒྱལ་ས་ཨུ་ལན་ཨུ་དྷེའི་གྲོང་དཀྱིལ་གྱི་ཁང་ཆེན་ཁག་གི་གཞོགས་སུ་དམག་འཁྲུག་ལ་རྒྱབ་སྐྱོར་གྱི་མཚོན་རྟགས་Z་ཡིག་དང་V་ཡིག་ཆེན་པོ་རྣམས་བྲིས། རྒྱ་ལམ་གྱི་གཡས་གཡོན་གཉིས་ཀྱི་སྦྱར་པང་ཐོག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་བསད་པའི་བྷུ་རི་ཡའི་དམག་མི་འདས་པོ་རྣམས་ཀྱི་འདྲ་པར་སྦྱར་ནས་གཤམ་དུ་སྲོག་སྐྱོན་བྱུང་བའི་ཚེས་གྲངས་རྣམས་བཀོད། ང་ཚོས་བརྩེ་བ་བཅངས་ཡོད། ང་ཚོས་རྗེས་དྲན་བྱེད་ཀྱི་ཡོད། ང་ཚོས་མྱ་ངན་བྱེད་ཀྱི་ཡོད་ཅེས་བྲིས་ནས་དམག་འཁྲུག་ནང་དུ་བསད་པའི་འདས་པོ་ཚོར་མྱ་ངན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་གནམ་འཕྲིན་གསར་ཁང་གི་གསར་འགོད་པ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་དམག་སྐུལ་ལ་བཤོལ་བར་ཁྱིམ་མཚེས་རྒྱལ་ཁབ་ཁ་ཛག་སི་ཐན་དུ་བྲོས་པའི་བྷུ་རི་ཡའི་ཕོ་གསར་ཞིག་ལ་ཐུག ཕོ་གསར་དེས་ང་ཟླ་བ་གཉིས་ལ་བསྡད་པའི་རྗེས་སུ་འཚོ་བ་ཁུངས་མ་འཁྱོལ་བར་རང་ཡུལ་དུ་ཕྱིར་ལོག་བྱས་པ་ཡིན། ང་ཚོའི་ཡུལ་ལུང་འདི་དབུལ་ཕོངས་ཀྱི་ས་གནས་ཤིག་ཡིན་པ་དང་མི་དམངས་རྣམས་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད། མི་དམངས་ཀྱིས་བུ་ལོན་བླངས་ནས་འཚོ་བ་སྐྱེལ་དགོས་པ་དང་ཨུ་རུ་སུའི་གཞུང་གིས་ཉིན་མཚན་མེད་པར་དམག་ཁོངས་སུ་ཞུགས་ན་གླ་ཕོགས་ཆེན་པོ་ཡོད་པའི་དྲིལ་བསྒྲགས་བྱེད་ཀྱི་འདུག ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་གླ་ཕོགས་ཆེན་པོ་སྤྲོད་ཀྱི་ཡོད་པས་བྷུ་རི་ཡའི་ཕོ་གསར་མང་ཆེ་བ་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་ས་ཐོག་ཏུ་བསད་རྨས་ཚབས་ཆེན་འབྱུང་གི་འདུག་ཅེས་བཤད་ཡོད་ཅིང་། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཅི་ཙམ་བསད་ཡོད་མེད་གྲངས་འབོར་གསལ་པོ་ཞིག་གཏན་ནས་ཤེས་ཐབས་བྲལ། བྷུ་རི་ཡའི་ནང་པ་དང་ཌ་གྷེ་སི་ཐན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་དམག་མི་ཚོར་བསད་རྨས་ཆེན་པོ་འཕོག་གི་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༩་པའི་ནང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་༥༩༣༧་ལ་སྲོག་སྐྱོན་ཕོག་སོང་ཞེས་བསྒྲགས། ཨ་མི་རི་ཀ་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འདས་པའི་ལོ་གཅིག་གི་རིང་ཨུ་རུ་སུའི་དམག་མི་འབུམ་༢་ཡས་མས་ཤིག་བསད་རྨས་བྱུང་འདུག་ཅེས་སྙན་ཐོ་བཏོན། གསར་འགོད་པའི་བྷུ་རི་ཡའི་སྐྱེས་པ་ཞིག་ལ་བཅར་འདྲི་ཞུ་རྒྱུའི་དུས་ཚོད་གཏན་འབེབས་བྱས་ཡོད་པ་དང་སྐྱེས་པ་དེའི་གྲོགས་པོ་༢༠་ཐམ་པ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད། བཅར་འདྲིའི་སྔོན་དེར་སྐྱེས་པ་དེའི་ཆུང་མས་གསར་འགོད་པ་འཕྲིན་ཐུང་ཞིག་བཏང་ནས་ངའི་ཁྱོ་གར་བཅར་འདྲི་ཞུ་རྒྱུ་སྟབས་བདེ་པོ་མི་འདུག་ཅེས་བརྡ་ལན་འབྱོར།།

དབྱིན་ཇིའི་གནམ་འཕྲིན་གསར་ཁང་གི་གསར་འགོད་པས་པོ་ལི་ན་ཞེས་པའི་བྷུ་རི་ཡའི་བུད་མེད་ཅིག་ལ་སྐད་ཆ་དྲིས། ཁོ་མོས་ངའི་ཚ་བོ་གཉིས་དམག་ཁོངས་སུ་ཞུགས་ཏེ་བྷེ་ལོ་རུ་སིའི་ས་ཐོག་ཏུ་དམག་སྦྱོང་ལ་ཁྲིད་པ་རེད། ཡུཀ་རེན་གྱི་དམག་འཁྲུག་ལངས་རྗེས་སུ་ངའི་ཚ་བོ་གཉིས་ཀྱིས་དམག་ཁོངས་ནས་དགོངས་པ་ཞུས་ཀྱང་ཆོག་མཆན་མ་ཐོབ། ངའི་ཚ་བོ་གཉིས་གཅིག་བཀག་ཉར་བྱས་པ་དང་གཅིག་ལ་དམག་འཁྲུག་རྒྱག་ཏུ་མ་བསྐྱོད་ན་སྲོག་ཁྲིམས་བཅད་ནས་སྲོག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཨུ་རུ་སུའི་དམག་དཔོན་ཞིག་གིས་ངའི་ཚ་བོའི་མགོ་ལ་མེ་མདའ་བཙུགས་ནས་དམག་འཁྲུག་རྒྱག་ཏུ་འགྲོ་རྒྱུ་ཡིན་ནམ་ཞེས་དྲིས། ངའི་ཚ་བོས་ང་དམག་སར་ཕྱིན་ནས་གསོད་དུ་འཇུག་པའམ། ཡང་ན་ངས་ཕར་གསོད་བྱ་རྒྱུའི་ཚབ་ཏུ་ང་ནི་རང་ཁྱིམ་དུ་བསད་ན་ལེགས་ཞེས་ལན་བཏབ་སོང་། མཐར་ངའི་ཚ་བོ་རང་ཁྱིམ་དུ་བཞག་པ་དང་ཡུཀ་རེན་གྱི་བྷུ་ཆ་གྲོང་ཁྱེར་དུ་མི་མང་དམར་གསོད་བྱེད་མཁན་རྣམས་བྷུ་རི་ཡའི་དམག་མི་རེད་ཅེས་དྲང་བདེན་མིན་པའི་དྲིལ་བསྒྲགས་ཆེན་པོ་བྱེད་ཀྱི་འདུག བྷུ་རི་ཡའི་མི་ཚང་མ་ཁྲག་ལ་རྔམ་པ་དེ་འདྲ་མིན་ཞེས་བཀྲལ། དེང་སྐབས་ཨུ་རུ་སུའི་ཕྱི་ལོགས་སུ་བཙུགས་པའི་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པའི་ལས་འགུལ་བ་ཚོས་ཡུཀ་རེན་གྱི་བྷུ་ཆ་གྲོང་གི་དམར་གསོད་ལག་དམར་རྣམས་བྷུ་རི་ཡའི་དམག་མི་རེད་ཅེས་དམག་འཁྲུག་གི་ནག་ཉེས་བཙུགས་པ་ནི་རྟོག་བཟོའི་སྒྲུང་གཏམ་ཆེན་པོ་ཞིག་རེད་ཅེས་དགག་པ་བརྒྱབ། ཁོ་ཚོས་ཞིབ་འཇུག་བྱས་ནས་ཡུཀ་རེན་གྱི་བྷུ་ཆ་གྲོང་དུ་མི་མང་དམར་གསོད་བྱས་པའི་ལན་ཁག་སུ་ལ་ཡོད་མེད་ཐེར་འདོན་དང་བྷུ་རི་ཡའི་དམག་མི་ནག་ཉེས་མེད་པ་རྣམས་དཀར་འདོན་གྱི་ལས་འགུལ་སྤེལ།།

བྷུ་རི་ཡའི་བུད་མེད་པོ་ལི་ན་ཡིས་ཨུ་རུ་སུའི་གཞུང་གིས་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ན་གཞོན་ཚོས་སྤྱི་ཚོགས་དྲྭ་ལམ་གྱི་གནས་ཚུལ་ཞིག་བརྒྱུད་སྤེལ་བྱས་ཀྱང་བཙོན་འཇུག་དང་ཁྲིམས་བཤེར། དངུལ་སྒོར་གྱི་ཆད་པ་གཅོད་ཀྱི་འདུག ངའི་མེས་པོར་ཨུ་རུ་སུའི་གཞུང་གིས་དོགས་པ་བྱས་ནས་དྲག་གནོན་ཕོག་མྱོང་། མེས་པོའི་དོན་རྐྱེན་ཐོག་ཏུ་ང་ཚོའི་ཁྱིམ་ཚང་ལ་ཡག་ག་ཞིག་གཏན་ནས་བྱུང་མེད་པ་དང་ངའི་ཚ་བོར་གསར་འགོད་པར་སྐད་ཆ་བཤད་དུ་འཇུག་འདོད་མེད། ངའི་གྲོགས་མོ་ཨེ་ལི་ན་པ་ཝོབ་ལོ་ཝ་རྒྱལ་ས་ཨུ་ལན་ཨུ་དྷར་བསྡད་ཡོད། ཁོ་མོས་དྲྭ་ལམ་དུ་དམག་འཁྲུག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་འཕྲིན་ཐུང་ཞིག་སྤེལ་བ་རེད་ཅེས་བསྟན། པ་ཝོབ་ལོ་ཝས་དེང་སྐབས་ཨུ་རུ་སུའི་མི་དམངས་རྣམས་སོ་སོ་རང་ལ་ཡིད་ཆེས་མེད་པར་ཕུ་ཊིན་ལ་ཡིད་ཆེས་དང་རྒྱབ་སྐྱོར། ཕུ་ཊིན་མེད་ན་ཨུ་རུ་སུ་འཐོར་ཞིག་འགྲོ་རྒྱུ་རེད་བསམ་གྱི་ཡོད་པར་ཡི་ཐང་ཆད་ཀྱི་འདུག ང་ཚོས་ཁ་མ་གྲགས་པར་རྒྱལ་ཁབ་འདིའི་ནང་དུ་འཚོ་གནས་ཇི་ལྟར་བྱ། ད་ལྟའི་གནས་སྟངས་འོག་ཏུ་ཇི་ལྟར་འཚོ། ངས་མི་འདི་དག་གི་མཉམ་དུ་ཇི་ལྟར་འཚོ་གནས་བྱ་དགོས་མིན་ཤེས་ཀྱི་མི་འདུག་ཅེས་དྲིས། དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་མི་དམངས་ལ་གདེང་སྤོབས་ཆེན་པོ་ཡོད་ཀྱང་ལོ་གཅིག་གི་རྗེས་སུ་ཡིད་ཆེས་ཚང་མ་བརླགས། ཁོ་མོ་ཕྱི་ལོགས་སུ་བྲོས་བྱོལ་དུ་འགྲོ་བཞིན་པ་དེ་དག་གི་མཉམ་དུ་འབྲོ་དགོས་བསམས་ཀྱང་སོ་སོ་རང་ཉིད་དང་བུ་མོ་གཉིས་ཀྱིས་འཚོ་བ་ཇི་ལྟར་སྐྱེལ་དགོས་པ་མ་ཤེས་པར་ལུས་ཡོད་པའི་གནས་ཚུལ་ཐོན་འདུག ཨུ་རུ་སུའི་གཞུང་གིས་བྷུ་རི་ཡ་སོགས་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་གི་ན་གཞོན་རྣམས་མཐོ་འབྲིང་སློབ་གྲྭ་ཐོན་མ་ཐག་ཏུ་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་འབྱུང་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༢་པའི་ཚེས་༡༠་ཉིན་མོ་སི་ཀོ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་བྷུ་རི་ཡ་རང་དབང་ཐེབས་ཚོགས་པའི་འགོ་ཁྲིད་ཨ་ལིཀ་ཛན་ཌི་ར་གྷར་མ་ཞཱ་པོ་ཝ་འཛིན་བཟུང་བྱ་དགོས་པའི་ཐོ་གཞུང་དུ་བཀོད། ཨུ་རུ་སུའི་མཱི་ཌི་ཡ་ཛོ་ན་གསར་ཁང་གིས་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པ་དང་ཨ་ལིཀ་ཛན་ཌི་ཡ་གྷར་མ་ཞཱ་པོ་ཝར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ། མཱི་ཌི་ཡ་ཛོ་ན་གསར་ཁང་གིས་ཨུ་རུ་སུའི་ནང་སྲིད་ལྷན་ཁང་གིས་གྷར་མ་ཞཱ་པོ་ཝས་ནག་ཉེས་ཅི་ཞིག་བསགས་ནས་འཛིན་བཟུང་བྱ་དགོས་པའི་ཐོ་གཞུང་དུ་བཀོད་པའི་རྒྱུ་མཚན་གསལ་བཀྲོལ་མ་བྱུང་། ཨ་ལིཀ་ཛན་ཌི་ར་གྷར་མ་ཞཱ་པོ་ཝས་ངས་མི་ཀུན་གྱིས་ཤེས་པའི་དམག་འཁྲུག་གི་གནས་ཚུལ་དང་ཨུ་རུ་སུའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་གྱི་གནས་ཚུལ་རྣམས་ཁྱབ་སྤེལ་བྱས་པ་ཡིན། དེ་ཨུ་རུ་སུའི་གཞུང་གིས་ནག་ཉེས་སུ་བརྩིས་ནས་ང་འཛིན་བཟུང་བྱ་དགོས་པའི་ཐོ་གཞུང་གི་བཀོད་པ་ཡིན་སྲིད་ཅེས་ཚོད་དཔག་བྱས་ཤིང་། ཁོ་མོ་ཨུ་རུ་སུའི་སྲིད་གཞུང་གི་ལག་ཏུ་ཐེབས་ན་ལོ་བཅོ་ལྔའི་བཙོན་འཇུག་གི་ཉེས་ཆད་འཕོག་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། སྔ་ལོ་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པས་མངའ་ཁུལ་དེའི་སྐྱེས་པ་ཅི་ཙམ་དམག་འཁྲུག་ནང་དུ་ཤི་ཡོད་མེད་ཀྱི་གྲངས་ཀ་དང་བྷུ་རི་ཡའི་བུད་མེད་ཚོས་རང་གི་ཁྱོ་ག་དང་བུ། ཕུ་ནུ་རྣམས་དམག་ས་ཁག་ནས་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་ངོ་རྒོལ་བྱས་པའི་གནས་ཚུལ་ཁྱབ་སྤེལ། ལྷག་པར་དུ་བྷུ་རུ་ཡའི་རང་དབང་ཐེབས་རྩ་ཚོགས་པས་གསར་འགྱུར་མང་པོ་ཞིག་ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁང་ཁག་ལ་མཁོ་སྤྲད། ད་ལྟ་གྷར་མ་ཞཱ་པོ་ཝ་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རག་གི་གྲོང་ཁྱེར་དུ་བསྡད་ཡོད་པར་མ་ཟད། ཁོ་མོར་ཨུ་རུ་སུའི་གཞུང་གིས་ཕྱི་རྒྱལ་གྱི་གསང་ཉུལ་ཞེས་ནག་ཉེས་བཙུགས། ༢༠༢༢་ལོའི་ཕྱི་ཟླ་༣་པའི་ནང་དུ་བྷུ་རི་ཡ་རང་དབང་ཐེབས་རྩ་ཚོགས་པ་བཙུགས་ཏེ་དམག་ཞབས་ཀྱི་དུས་ཡུན་རྫོགས་པའི་སྐྱེས་པ་རྣམས་རང་ཡུལ་ལ་ཕྱིར་སློག་བྱེད་དུ་འཇུག་དགོས་ཞེས་ཁྲིམས་གཏུགས་བྱས་ནས་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG