ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༡༥

༧གོང་ས་མཆོག་ནས་ཨུ་རུ་སུ་དང་ཡུཀ་རེན་གྱིས་གྲོས་མོལ་བྱ་རྒྱུའི་ནན་སྐུལ།


༄༅།། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཞོགས་པར་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་རྒྱལ་མཚམས་བརྒལ་ནས་བཙན་འཛུལ་བྱ་རྒྱུ་མགོ་ཚུགས། ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་དམག་འཁྲུག་ལངས་ཏེ་ཛ་དྲག་གི་གནས་སྟངས་སུ་ལྷུང་། ཕྱི་ཟླ་༢་པའི་ཚེས་༢༨་ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་ཞི་བའི་གྲོལ་མོལ་བྱས་ནས་འགལ་ཟླ་སེལ་ཐབས་དང་ཞི་བདེ་སླར་གསོ་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཡུཀ་རེན་ལ་འབྱུང་བཞིན་པའི་འཐབ་ཁྲུག་ལ་ངོས་རང་བློ་ཕམ་ཆེན་པོ་བྱུང། ང་ཚོའི་འཛམ་གླིང་འདིར་རྒྱལ་ཁབ་ཡོངས་རྫོགས་གཅིག་ལ་གཅིག་བརྟེན་ངང་དུ་འཚོ་གནས་བྱེད་བཞིན་ཡོད། ཨུ་རུ་སུ་དང་ཡུཀ་རེན་གྱི་འཁྲུག་རྩོད་ཀྱིས་རྒྱལ་ཁབ་གཞན་ཁག་ལའང་ཤུགས་རྐྱེན་ཐེབས་ངེས་རེད། དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་པའི་སྤྱོད་པ་ཞིག་ཡིན་པ་དང་འཚེ་བ་མེད་པ་ནི་ང་ཚོ་ཞི་བདེའི་མཉམ་གནས་ཐུབ་པའི་ཐབས་ལམ་འབའ་ཞིག་ཡིན། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ལ་ཕ་རོལ་པོར་ཕུ་ནུ་ལྟ་བུའི་འདུ་ཤེས་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས། འཁྲུག་རྩོད་དང་འདོད་ཕྱོགས་མ་མཐུན་པའི་དཀའ་ངལ་མཐའ་དག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ། དོན་ལྡན་གྱི་ཞི་བདེ་ནི་ཕྱོགས་གཉིས་ཀྱི་བདེ་སྡུག་ལ་བསམ་ཤེས་དང་གུས་བརྩི་བྱ་རྒྱུ་དེ་ཡིན། དུས་རབས་ཉི་ཤུ་པ་ནི་དམག་འཁྲུག་གི་དུས་རབས་ཤིག་ལ་གྱུར་ཏེ་མཇུག་སྒྲིལ་བ་རེད། དུས་རབས་ཉེར་གཅིག་པ་ནི་གྲོས་མོལ་གྱི་དུས་རབས་ཤིག་ལ་འགྱུར་དུ་འཇུག་དགོས་པས་ང་ཚོས་རེ་བ་དེ་མ་བརླག་པ་བྱེད་དགོས། ངོས་ནས་ཡུཀ་རེན་ལ་མགྱོགས་ནས་མྱུར་དུ་ཞི་བདེ་སླར་གསོ་ཡོང་བའི་ཐུགས་སྨོན་ཡོད་ཅེས་གསུངས་འདུག


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཊོས་ཊར་དྲྭ་ལམ་དུ་བོད་ཀྱི་གཏམ་དཔེར་འབུ་སྲིན་ཆེ་བས་ཆུང་བ་ཟ་ཟེར་བ་ལྟར་ཡུཀ་རེན་ལ་བཙན་འཛུལ་བྱུང་བ་ནི་༡༩༥༠་ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དེ་དྲན་སྐུལ་ཐེབས་བྱུང་། དྲག་སྤྱོད་སླར་གསོ་བྱས་པ་ནི་མི་སྤྱོད་པ་ལས་འདས་པ་ཞིག་ཡིན་པར་མ་ཟད། དེང་རབས་ཀྱི་འཛམ་གླིང་གི་འགྲོ་ལུགས་ལ་མི་འཚམས་པ་ཞིག་ཀྱང་རེད། ཡུག་རེན་ལ་ངེས་པར་དུ་ཞི་བདེ་སླར་གསོ་ཡོང་དགོས་ཞེས་བཀོད་འདུག་པ་བཅས་ཀྱིས་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG