ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོས་བྷེ་ལོ་རུ་སིའི་ས་མཚམས་སུ་གྲོས་མོལ།


༄༅།། དེ་རིང་ཕྱི་ཟླ་༢་པའི་ཚེས་༢༨་ཉིན་ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོ་བྷེ་ལོ་རུ་སིའི་ས་མཚམས་སུ་ཐུག་འཕྲད་གྲོས་མོལ་ལ་འཛོམས། འདི་ནི་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཞོགས་པར་ཨུ་རུ་སུའི་དམག་གིས་ཤར་ལྷོ་བྱང་གསུམ་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མགོ་བཙུགས་ནས་བཟུང་། ད་ལྟ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་ཐེངས་དང་པོ་ཡིན་ཞིང་། གཟའ་ཟླ་བའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་དཔུང་འབུམ་༢་ཡས་མས་ཤིག་གིས་ཡུཀ་རེན་ལ་སྐམ་མཚོ་གནམ་གསུམ་ནས་དཔུང་འཇུག་བྱས་ཏེ་ཉིན་༤་སོང་། ཡུཀ་རེན་གྱི་གྲོང་ཁྱེར་ཆེ་ཁག་ཨང་གཉིས་པ་ཀར་ཀིབ་ཀྱི་སྲང་ལམ་ཁག་ཏུ་ཨུ་རུ་སུའི་དམག་དང་ཡུཀ་རེན་གྱི་དམག་གིས་འཐབ་འཁྲུག་དྲག་པོ་རྒྱག་རྒྱུ་མགོ་བརྩམས། ཨུ་རུ་སུའི་དམག་གིས་ཉིན་རེ་བཞིན་ཡུཀ་རེན་གྱི་རྒྱལ་ས་མཐའ་བསྐོར་ནས་སྲིད་འཛིན་ལས་ཁུངས་ཀྱི་ཕྱོགས་སུ་ཡོང་རྒྱུ་བར་ཐག་ཇེ་ཉེར་འགྲོ་བཞིན་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་རྒྱལ་ས་བདེ་བླག་ཏུ་ལེན་ཐུབ་རྒྱུ་དང་ཨུ་རུ་སུའི་དམག་གིས་འགོག་རྒོལ་བྱེད་མི་ཕོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་མི་ཐུབ། ལྷག་པར་དུ་ཨུ་རུ་སུའི་མི་དམངས་ཀྱིས་ཡུཀ་རེན་ལ་དམག་རྒྱག་རྒྱུ་དེར་རྒྱབ་སྐྱོར་བྱ་རྒྱུའི་ཁོག་རྩིས་བརྒྱབ་པ་རྣམས་རྩིས་ལོག་ཐེབས་པ་རེད། ཡུཀ་རེན་གྱི་དམག་དང་མི་མང་གིས་ཨུ་རུ་སུའི་བཙན་འཛུལ་འཐབ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དང་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དང་བཟའ་མི་རྣམས་བྲོས་བྱོལ་དུ་མ་སོང་བར་དམག་འཁྲུག་གི་དུས་སྐབས་ཀྱི་འགོ་ཁྲིད་ལྟར་ཨུ་རུ་སུའི་བཙན་འཛུལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་ནི་ཕུ་ཊིན་གྱིས་སྔོན་དཔག་མ་ཐུབ་པ་ཞིག་རེད་ཅེས་བཀྲལ།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བཙན་འཛུལ་བ་ཚོས་ཉེས་སྤྱོད་སྤེལ་རེ་བཞིན་དང་འཕུར་མདེལ་འཕེན་རེ་བཞིན་དུ་ཡུཀ་རེན་དང་ཟླ་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་དམ་ཟབ་ཏུ་གཏོང་གི་འདུག་ཅེས་བརྙན་ཐུང་ཞིག་སྤེལ། ཡུཀ་རེན་གྱི་སྐུ་ཚབ་ཚོས་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་དང་དམག་དཔུང་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན། སྐུ་ཚབ་ཚོགས་པའི་ཁོངས་སུ་ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་འགའ་ཞིག་ཡོད་ཀྱང་སྲིད་འཛིན་ཛེ་ལིན་སི་ཀི་ས་མཚམས་ཀྱི་གྲོས་མོལ་དེར་གྲུབ་འབྲས་འཐོན་རྒྱུ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་གྲོས་མཐུན་དང་ཆིངས་ཡིག་ཁག་བརྩི་འཇོག་བྱ་རྒྱུའི་ཡིད་ཆེས་བརླགས། ཨུ་རུ་སུའི་དམག་མི་ཁྲི་ཚོ་མང་པོས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་མཐའ་བསྐོར་ནས་དཔུང་འཇུག་བྱེད་ཀྱི་ཡོད་པ་དང་དམག་དཔུང་མང་ཉུང་། མཚོན་ཆ་ཡག་ཉེས་ཀྱི་ཁྱད་པར་ཆེན་པོ་ཡོད་ཀྱང་ཡུཀ་རེན་གྱི་དམག་གིས་རང་སྲོག་བློས་གཏོང་གིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་འགོག་རྒོལ་བྱ་རྒྱུ་མཚམས་འཇོག་གི་མེད་པར་མ་ཟད། ཡུཀ་རེན་གྱི་མི་མང་གིས་ཀྱང་ཤེལ་དམ་ནང་དུ་ས་སྣུམ་བླུགས་ནས་འབར་མདེལ་བཟོས་ཏེ་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར་ཁག་ལ་གཏོར་རྒོལ། ཡུཀ་རེན་གྱི་རྒན་རྒོན་དང་བུད་མེད། བྱིས་པ་རྣམས་ས་འོག་ཏུ་འཛུལ་བ་དང་ས་འོག་མེ་འཁོར་འབབ་ཚིགས་ཁག་ཏུ་ཉེན་གཡོལ་ལ་བྲོས། ཡུཀ་རེན་བ་འབུམ་ཕྲག་འགའ་ཞིག་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌི་དང་རོ་མེ་ཎི་ཡ། ཧང་གྷ་རི་དང་མོལ་ཌོ་ཝ། གཞན་ཡང་དེ་མིན་གྱི་ཡུ་རོབ་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། ཨ་མི་རི་ཀ་དང་ཨོ་གླིང་། ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་སྐྱབས་བཅོལ་བ་ཚོར་སྣེ་ལེན་ཞུ་དགོས་ན་དགའ་བསུ་ཡོད་ཅེས་སྒོ་མོ་ཡངས་པོར་ཕྱེ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་སྐུ་ཚབ་རྣམས་བྷེ་ལོ་རུ་སུའི་ཧོ་མེལ་གྲོང་ཁྱེར་དུ་གྲོས་མོལ་བྱེད་དུ་ཡོང་དགོས་ཞེས་གྲོས་གཞི་བཏོན། ཡིན་ནའང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཧོ་མེལ་གྲོང་ཁྱེར་ནི་བཏང་སྙོམས་ཀྱི་ས་གནས་ཤིག་མ་རེད། བྷེ་ལོ་རུ་སི་དམག་འཁྲུག་ལ་ཞུགས་ནས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པས་བྷེ་ལོ་རུ་སི་དང་ཡུཀ་རེན་གྱི་ས་མཚམས་ཤིག་ཏུ་གྲོས་མོལ་བྱེད་ཆོག ཡུཀ་རེན་གྱི་སྐུ་ཚབ་ཚོའི་བདེ་འཇགས་ལ་བྷེ་ལོ་རུ་སིའི་གཞུང་གིས་འགན་ལེན་བྱ་དགོས་ཞེས་ཆ་རྐྱེན་བཏོན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་སའི་མི་མང་རྣམས་བྲོས་བྱོལ་དུ་འགྲོ་ན་ཉེན་ཁ་མེད་ཅེས་ཁས་ལེན་བྱས་ཀྱང་ཡུཀ་རེན་གྱི་དམག་ལ་འཐབ་རྒོལ་བྱ་རྒྱུའི་འཐབ་ཇུས་ལ་འགྱུར་བ་མ་ཐེབས། ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལ་མི་འབོར་ས་ཡ་༣་ལྷག་ཡོད་པ་དང་རྒྱལ་སའི་སྤྱི་ཁྱབ་ཀྱིས་ཨུ་རུ་སུའི་དམག་གིས་མི་མང་དཀྱུས་མ་རྣམས་ཉེན་གཡོལ་ལ་འགྲོ་རུ་འཇུག་རྒྱུ་ཁག་པོ་རེད་ཅེས་དོགས་པ་བསླངས། ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་ལོ་༡༨་ནས་༦༠་ཐམ་པའི་བར་གྱི་སྐྱེས་པ་རྣམས་དམག་འཁུག་ལ་ཞུགས་དགོས། སུ་ཞིག་ལ་མཚོན་ཆ་དགོས་ཀྱང་གཞུང་གིས་མཁོ་སྤྲོད་བྱེད་ཆོག་ཅེས་མི་མང་ལ་མཚོན་ཆ་བཀྲམ། ཐ་ན་ཡུཀ་རེན་གྱི་ན་གཞོན་མ་ཚོས་ཀྱང་དམག་ཆས་གྱོན་ནས་མཚོན་ཆ་ཐོགས། ཁོ་ཚོས་ཕ་མ་སྤུན་མཆེད་དང་བརྩེ་བའི་སྙིང་གྲོགས་སོགས་རྒྱབ་ཏུ་བསྐྱུར་ནས་དམག་སར་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱལ་ས་ཀིབ་གྲོང་ཁྱེར་ལ་ཆུ་ཚོད་༤༠་ཐམ་པའི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་གཟའ་ཟླ་བའི་ཞོགས་པར་མཚམས་བཞག ད་ནས་དགོང་མོའི་ཆུ་ཚོད་༡༠་པ་དང་ཞོགས་པའི་ཆུ་ཚོད་༧་པ་བར་དུ་འགྲིམ་འགྲུལ་འགོག་རྒྱུའི་འཆར་གཞི་བཀོད། ལོ་ན་༦༩་ལ་སོན་པའི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་ལ་བྱུང་མྱོང་མེད་པའི་དམག་འཁྲུག་ཆེན་པོ་ཞིག་སློང་གི་ཡོད་པ་རེད།།

ཡུཀ་རེན་གྱི་མ་རི་ཡ་ཕོལ་གྲོང་ཁྱེར་གྱི་ཡུལ་མི་བུད་མེད་མཱི་ཁལ་ལོ་ཝ་ཞེས་པ་ཞིག་གིས་ངས་གྲོས་མོལ་དེར་གྲུབ་འབྲས་ཤིག་འཐོན་རྒྱུ་དང་མི་གསོད་ཁྲག་སྦྱོར་མཚམས་ཆད་རྒྱུ། དམག་འཁྲུག་འདི་བཟློག་ཐུབ་རྒྱུའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད། བུད་མེད་དེའི་ཉེ་འཁྲིས་སུ་ཡུཀ་རེན་གྱི་ཨ་མ་ཚོས་རང་རང་གི་བུ་ཕྲུག་རྣམས་འཁྱག་ཏུ་མ་བཅུག་པར་ཀམ་བྷ་ལི་དཀྲིས་ནས་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དང་ཡུཀ་རེན་གྱི་སྐྱེས་པ་རྣམས་ཡུལ་སྲུང་དང་བླངས་དམག་ཁོངས་སུ་ཞུགས་ཏེ་མཐོང་རིག་དཀོན། རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ཡུལ་མི་ལོ་ན་༨༧་ལ་སོན་པའི་འཇིའུ་བ་རྒན་མོ་ཞིག་གིས་ངས་དམག་འཁྲུག་འདི་མིག་གིས་མ་མཐོང་བར་ཤི་སོང་ན་ཅི་མ་རུང་། རྒྱལ་སའི་ནང་དུ་འཕུར་མདེལ་གྱི་རྒོལ་རྡུང་ལ་གཡོལ་དགོས་ཞེས་ཉེན་བརྡ་གཏོང་རྒྱུ་མཚམས་ཆད་ཀྱི་མི་འདུག སྒོ་དང་སྒེའུ་ཁུང་གི་ཤེལ་སྒོ་ལ་རྟག་ཏུ་ལྡིར་སྒྲ་གྲགས་པ་དང་གློག་ཟུམ་ནས་ཁང་པའི་བར་ཤུར་དུ་སྡོད་དགོས་ཀྱི་འདུག་ཅེས་དཀའ་ངལ་བགྲངས། ད་ལྟའི་བར་དུ་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་ནས་ཡུཀ་རེན་གྱི་བྱིས་པ་༡༤་ཚུད་པའི་མི་མང་དཀྱུས་མ་༣༥༢་ལ་སྲོག་སྐྱོན་དང་མི་༡༦༨༤་ལ་རྨས་སྐྱོན་ཕོག ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་ལ་དྲག་པོའི་ཁྲིམས་གཞི་བསྡམ་རྒྱུ་དང་དམག་ཁྲིམས་ཀྱི་དུས་སུ་བཙོན་པ་རྣམས་ཀྱང་གློད་གྲོལ་བཏང་ནས་བཙན་འཛུལ་བར་འཐབ་རྒོལ་བྱ་དགོས། ཡུཀ་རེན་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་པ་དང་ཡུཀ་རེན་རྒྱལ་ཁབ་༢༧་ཀྱི་མཐུན་ཚོགས་དེར་མཉམ་ཞུགས་བྱེད་ཆོག་པའི་འོས་བབ་ཡོད་པ་ར་སྤྲོད་བྱུང་ཡོད་ཅེས་འབོད་སྐུལ་ཞུས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིག་སློག་རྒྱུ། དེའི་ཚབ་ཏུ་ཨུ་རུ་སུའི་བཀོད་ཇུས་འོག་ཏུ་ཤར་སྐྱོད་བྱེད་མཁན་སྲིད་གཞུང་ཞིག་གསར་འཛུགས་བྱ་རྒྱུའི་འབད་བཙོན་བྱེད་ཀྱི་པའི་ཡོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་རང་གི་དམག་མི་ལ་འཆི་རྨས་ཅི་ཙམ་བྱུང་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཕྱིར་བསྒྲགས་བྱས་མེད་ཀྱང་ཁ་སང་གཟའ་ཉི་མར་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཞིག་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཁོ་ཚོའི་དམག་མི་ལ་འཆི་རྨས་བྱུང་བའི་གྲངས་འབོར་ནི་ཡུཀ་རེན་གྱི་དམག་ལ་འཆི་རྨས་བྱུང་བ་ལས་ལྡབ་འགའ་ཞིག་ཉུང་བ་ཡོད། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་དམག་ལ་གཏོར་རྒོལ་བྱེད་ཀྱི་ཡོད། མི་དམངས་དཀྱུས་མ་ཚོར་གཏོར་རྒོལ་བྱེད་ཀྱི་མེད་ཅེས་བསྒྲགས། འོན་ཀྱང་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཟམ་པ་དང་སློབ་གྲྭ ཕྲུ་གུའི་སྨན་ཁང་དང་སྤྱི་དམངས་གནས་སྡོད་བྱ་ཡུལ་གྲོང་གླིང་ཁག་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་ཡོད་པ་དངོས་སུ་མཐོང་ཐོས་ཐུབ། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཞིག་གིས་ཡུཀ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སི་མགྱོགས་མྱུར་དམག་འཁྲུག་ལ་ཞུགས་རྒྱུའི་ཉེན་ཁ་འདུག ད་སྔ་བྷེ་ལོ་རུ་སིའི་གཞུང་གིས་རང་གི་ས་ཐོག་བརྒྱུད་ནས་ཨུ་རུ་སུའི་དམག་དཔུང་ལ་ཡུཀ་རེན་གྱི་མངའ་ཁོངས་སུ་དཔུང་འཇུག་བྱེད་དུ་བཅུག་པ་རེད། ཡིན་ནའང་བྷེ་ལོ་རུ་སི་དམག་འཁྲུག་དེར་ཐད་ཀར་མཉམ་ཞུགས་བྱས་མེད་མོད། འོན་ཀྱང་ད་ནས་ཡུན་རིང་མི་འགོར་བར་བྷེ་ལོ་རུ་སི་དམག་འཁྲུག་དེར་དངོས་སུ་ཞུགས་སྲིད། ཡུཀ་རེན་དང་ཨུ་རུ་སུའི་གྲོས་མོལ་གྱི་གྲུབ་འབྲས་ལ་གཞིགས་ནས་བྷེ་ལོ་རུ་སི་དམག་འཁྲུག་དེར་མཉམ་ཞུགས་བྱེད་དགོས་མིན་ཐག་ཆོད་སྲིད་ཅེས་བཤད། ད་ལྟ་ཡུ་རོབ་མཉམ་འབྲེལ་དང་འཇར་མན་ཎི་གཉིས་ཀས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་ཁས་ལེན་ཐོབ། འདི་ནི་འཇར་མན་གཞུང་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་དེར་འཛིན་གྱི་ཡོད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཡིན་ཞིང་། ཨ་རི་དང་ཡུ་རོབ། ཉི་ཧོང་དང་ཁེ་ན་ཌ། ཨོ་གླིང་རྒྱལ་ཁབ་བཅས་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་ཕྱི་སྲིད་བློན་ཆེན། ཨུ་རུ་སུའི་ཕྱུག་བདག་རྣམས་དང་དངུལ་ཁང་ཁག་ལ་ཚོང་འབྲེལ་བཅད་ནས་ཉེས་ཆད་དྲག་པོ་བཅད། ཁ་སང་གཟའ་ཉི་མ་ནས་འཛམ་གླིང་གི་བར་གནས་རྒྱལ་ཁབ་སུད་ཛར་ལན་ཌིས་ཀྱང་ཨུ་རུ་སུའི་དངུལ་ཁང་ཁག་ལ་ཚོང་འབྲེལ་བཅད་ནས་ཉེས་ཆད་གཅོད་རྒྱུའི་རྣམ་འགྱུར་སྟོན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG