ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཁྲི་ཟུར་རི་རྫོང་སྲུས་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ།


ཁྲི་ཟུར་རི་རྫོང་སྲུས་སྤྲུལ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ།

དགའ་ལྡན་ཁྲི་ཐོག་༡༠༢ པ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་ཁ་སང་༢༠༢༢ ཕྱི་ཟླ་༡༢ ཚེས་༨ ཀྱི་དགོང་མོ་དགུང་ལོ་༩༦སྟེང་འབྲས་སྤུངས་བློ་གསལ་གླིང་བླ་བྲང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག

ཁྲི་ཟུར་རིན་པོ་ཆེ་མཆོག་ནི་ལ་དྭགས་པ་དགའ་ལྡན་ཁྲི་པའི་མཚན་གནས་བཞེས་མཁན་དང་པོ་ཡིན་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲི་ཟུར་རིན་པོ་ཆེ་མཆོག་ལ་ལ་དྭགས་ཀྱི་ཆོས་ཀྱི་རྒྱལ་པོ་ཞེས་བཀའ་གནང་མྱོང་ཡོད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཀྱང་ཆགས་ཀྱི་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་ཐོག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་ལྷན་ཚོགས་ཤིག་གི་སྟེང་། ཁྲི་ཟུར་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་སྐོར་ལ་མཁྱེན་རྟོགས་བྱུང་བ་དང་། རིན་པོ་ཆེའི་སྐུ་མདུན་ནས་བཀའ་ཆོས་མང་པོ་གསན་བཞེས་མཛད་ཡོད་པས་ཐུགས་སྨོན་མཛད་འདུག།

རྩ་བའི་འདི་ལོའི་ཕྱི་ཟླ་༨་པའི་ནང་ལ་དྭགས་སུ་༧གོང་ས་མཆོག་དང་ཁྲི་ཟུར་རིན་པོ་ཆེ་མཆོག་ལྷན་རྒྱས་མཇལ་འཕྲད་སྐབས་༧གོང་ས་མཆོག་གིས་རིན་པོ་ཆེ་མཛད་པ་མཐར་ཕྱིན་པ་རེད། ཐུགས་ལྷོད་ལྷོད་བཞུགས་རོགས་ཞེས་བཀའ་སློབ་ཕེབས་ཡོད།

དགའ་ལྡན་ཁྲི་ཐོག་༡༠༢ རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་སྐུ་འཚོ་བཞུགས་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་ལྷག་བསམ་རྣམ་དག་གིས་དབུ་འོག་དཔུང་འདེགས་མཛད་ཅིང་། འགལ་རྐྱེན་གང་ལའང་འཇིགས་ཞུམ་མེད་པར་རྒྱལ་བསྟན་སྤྱི་དང་སྒོས་སུ་རི་བོ་དགེ་ལྡན་པའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཆགས་ཀྱི་ཡོད་པ་དང་། རིན་པོ་ཆེ་མཆོག་གིས་ཕྱི་ནང་གི་འདུལ་བྱ་གྲངས་ལས་འདས་པ་ལ་དབང་ལུང་མན་ངག་གི་གདམས་པ་རྨད་དུ་བྱུང་བ་བུམ་པ་གང་བྱོའི་ཚུལ་དུ་མཛད་འཕྲིན་བསྐྱངས་པ་མ་ཚད། དགེ་ཚུལ་སློང་གི་སྡོམ་རྒྱུན་འབོག་འཇོག་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་གནང་མཛད་ཡོད་པ་རེད།

བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་དགེ་བཤེས་བློ་བཟང་བསམ་གཏན་ལགས་ཀྱིས་དེ་རིང་ཡིད་སྐྱོའི་མྱ་ངན་ཞུ་ཚིག་ཅིག་སྤེལ་བ་བརྒྱུད། ཁྲི་ཟུར་རིན་པོ་ཆེ་མཆོག་ནི་རི་བོ་དགེ་ལྡན་པ་དང་བོད་འབངས་སྤྱི་ལ་བཀའ་དྲིན་གཞལ་ཐབས་བྲལ་བ་ཡིན་ཞེས་རྗེས་དྲན་ཞུ་བཞིན་འདུག

ཁྲི་ཟུར་རིན་པོ་ཆེ་མཆོག་དེ་ཉིད་ཀྱི་མཛད་རྣམ་སློབ་སྟོན་པའི་ཁོངས་སུ་ཡོད་པ་ལ་དྭགས་མཚན་ཉིད་སློབ་གྲྭའི་དབུ་འཛིན་ཟུར་པ་དགེ་བཤེས་དཀོན་མཆོག་དབང་འདུས་ལགས་ཀྱིས་རིན་པོ་ཆེ་མཆོག་དེ་སྔ་གདན་ས་གྲྭ་ཚང་དུ་མཁན་བླའི་ཐུགས་འགན་བཞེས་པའི་རིང་༧རྒྱལ་བའི་དགོངས་གཞི་ལྟར་གདན་སའི་སྒྲིག་ཁྲིམས་ཁག་ཅིག་འགྱུར་བཅོས་གནང་ནས་འབུར་དུ་ཐོན་པའི་ཕྱག་ལས་གནང་ཡོད་པ་ངོ་སྤྲོད་གནང་དོན།

ཁྲི་ཟུར་རིན་པོ་ཆེ་དགོངས་པ་རྫོགས་ནས་ད་ལྟ་ཐུགས་དམ་དུ་བཞུགས་ཡོད་པའི་དུས་མཚམས་འདིར། སྤྱི་ཚོགས་འབྲེལ་མཐུད་ཀྱི་རྒྱུད་ལམ་ཐོག་རིས་མེད་དད་ལྡན་མང་ཚོགས་ནས་གསོལ་འདེབས་སྨོན་ལམ་སོགས་སྤེལ་ནས། མྱ་ངན་ཞུ་བཞིན་འདུག་པ་དང་། ལ་དྭགས་མང་ཚོགས་ཁྲོད་དེ་རིང་ཁྱིམ་ཚང་སོ་སོའི་ནང་མཆོད་མེ་རེ་ཞལ་ཕྱེ་གནང་ནས་རིན་པོ་ཆེ་མཆོག་གི་སྐུ་དྲིན་རྗེས་དྲན་ཞུ་བཞིན་འདུག

དགའ་ལྡན་ཁྲི་ཐོག་༡༠༢ པ་རི་རྫོང་སྲུས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་ནི། ༡༩༢༧ལོར་ལ་དྭགས་མང་སྤྲོ་ཡུལ་གྱི་ཡབ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་མཆོག་དང་། རྒྱལ་ཡུམ་ཚེ་རིང་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང་། ༧གོང་ས་སྐུ་ཕྲེང་༡༣་ཆེན་པོ་མཆོག་གིས་རི་རྫོང་སྲས་སྤྲུལ་འཁྲུལ་བྲལ་དུ་ངོས་འཛིན་གནང་རྗེས། དགུང་ལོ་༤ ཙམ་ནས་རི་རྫོང་དགོན་དུ་ཕེབས་ནས་སྐུ་གོང་མའི་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་ཆོས་བཟང་མཆོག་དང་། མངའ་རིས་སྤྲུལ་སྐུ་སྐུ་གོང་མ་སོགས་བཤེས་གཉེན་དམ་པ་དུ་མ་བསྟེན་པར་མཛད་ནས་མདོ་སྔགས་གཞུང་ལུགས་མཐར་ཕྱིན་པར་གསན་བསམ་མཛད་དེ་མཐར་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་མཁན་རབས་དོན་བདུན་པ་དང་། རིམ་པས་ ༢༠༠༩ལོར་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༢པའི་མཚན་གནས་སོགས་་བཞེས་ནས་རྣམ་ཐར་རྨད་དུ་བྱུང་བ་བདག་གིར་བཞེས་པ་བྱུང་ཡོད།

གནས་ཚུལ་མཁོ་གཏོང་བ་ལྡི་ལིའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ཡིན།

XS
SM
MD
LG