ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༠༢/༠༧

 སྤི་ཏིའི་ཁྱེའུ་རབ་བརྟན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན། 


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་སྤི་ཏི་ཁུལ་གྱི་རང་རིགས་གྲོང་ཚོར་འཁྲུངས་པའི་ཁྱེའུ་ལོ་ན་༤་ལ་སོན་པ་ངག་དབང་བཀྲ་ཤིས་རབ་བརྟན་ནི་སིམ་ལའི་རྡོ་རྗེ་བྲག་གདན་སའི་དགོན་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱུང་ཞིང་། བདུན་ཕྲག་སྔོན་མའི་གཟའ་ཟླ་བའི་ཉིན་ཆུང་སྲིད་རིན་པོ་ཆེ་ཆོས་སྒོར་ཞུགས་ཏེ་ཁྲི་སྟོན་མཛད་སྒོ་ཚོགས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁྱེའུ་ངག་དབང་བཀྲ་ཤིས་རབ་བརྟན་ནི་༢༠༡༨་ལོའི་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཧི་མ་ཅལ་མངའ་སྡེའི་གར་ཞ་རྫོང་། སྤི་ཏི་ཁུལ་དུ་ཆགས་པའི་ཏ་བོ་དགོན་པའི་ཉེ་འཁྲིས་ཀྱི་རང་རིགས་གྲོང་ཚོར་སྐུ་འཁྲུངས། ༢༠༢༢་ལོའི་མགོ་སྟོད་དུ་བོད་བརྒྱུད་ནང་བསྟན་གྱི་སྔ་འགྱུར་རྙིང་མའི་དབུ་ཁྲིད་ཟུར་པ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཐོབ། འབྲུག་གི་ལྷོ་བྲག་དཀར་ཆུ་དགོན་གྱི་རྙིང་མའི་བླ་ཆེན་ནམ་མཁའི་སྙིང་པོས་གཙུག་ཕུད་བཞེས་ཏེ་རབ་ཏུ་བྱུང་བའི་གནས་ཚུལ་ཐོན་འདུག

སྐྱབས་རྗེ་ནམ་མཁའི་སྙིང་པོས་ང་ཚོར་ཁྲི་སྟོན་མཛད་སྒོ་འདི་ཧ་ཅང་གི་གལ་གནད་ཆེ། ང་ཚོས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་འབྱོན་རྒྱུར་ལོ་༧་སྒུག་པ་ཡིན། ཆུང་སྲིད་རིན་པོ་ཆེ་རྡོ་རྗེ་བྲག་གདན་སར་ཞབས་སོར་འཁོད་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུ། ང་ཚོས་ཆུང་སྲིད་རིན་པོ་ཆེ་བསླབ་པ་སློབ་གཉེར་ཡག་པོ་ཞིག་འཁྱོངས་རྒྱུའི་རེ་ལྟོས་འཆང་ཡོད། འདི་ནི་སྐྱེ་འགྲོ་སྤྱི་དང་ཡང་སྒོས་སུ་ཧི་མ་ལ་ཡའི་ལྗོངས་ཀྱི་རྗེས་འཇུག་སློབ་མ་ཚོར་སྐལ་བཟང་གི་དུས་སྐབས་ཤིག་རེད་ཅེས་སྨྲས། བོད་པའི་མཐོ་རིམ་བླ་སྤྲུལ་ཞིག་གིས་གསར་འགོད་པར་ཐོག་མར་ཆུང་སྲིད་རིན་པོ་ཆེ་བོད་ཀྱི་བླ་ཆེན་ཁག་ལ་མཇལ་དུ་ཕེབས་དགོས་པ་དང་གཞི་རིམ་གྱི་སྐུ་ཡོན་གསན་བཞེས་འགོ་ཚུགས་དགོས། དེ་ནས་རིམ་པ་བཞིན་མཐོ་རིམ་གྱི་བསླབ་པ་སློབ་གཉེར་གནང་དགོས་ཞེས་གསུངས། བྱེས་ཀྱི་རྡོ་རྗེ་བྲག་གི་གྲྭ་བཙུན་རྣམས་དང་ཧི་མ་ཅལ་མངའ་སྡེའི་ནང་པ་ཚོས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་སིམ་ལའི་གདན་སར་ཞབས་སོར་འཁོད་པར་ཕེབས་བསུ་གཟབ་རྒྱས་ཞུས།།

ཁྱེའུ་ངག་དབང་བཀྲ་ཤིས་རབ་བརྟན་ནི་རྒྱ་གར་གྱི་སིམ་ལ་རི་གྲོང་དུ་ཆགས་པའི་རྡོ་རྗེ་བྲག་དགོན་པར་གདན་འདྲེན་མ་ཞུས་གོང་དུ་ཏ་བོའི་ཁུལ་གྱི་གསེར་སྐོང་སྤྱི་དམངས་སློབ་གྲྭའི་བུ་བཅོལ་ཁང་དུ་སློབ་གྲྭར་འགྲིམས་ཤིང་། གཟའ་འཁོར་སྔོན་མར་རབ་ཏུ་བྱུང་བའི་རྗེས་སུ་ཆོས་ཕྱོགས་ཀྱི་སྐུ་ཡོན་གསན་བཞེས་གནང་དགོས་པར་མ་ཟད། ཁུ་ནུ་དང་སྤི་ཏིའི་དགེ་འདུན་པའི་མཐུན་ཚོགས་ཀྱི་བཙུན་པ་ཞིག་གིས་ང་ལ་བླ་མའི་ཡང་སྲིད་ཐད་དཔྱད་བརྗོད་སྤེལ་བའི་ཤེས་ཚད་མེད། འོན་ཀྱང་ང་ཚོ་ལུས་སེམས་ཀྱི་རྒྱུན་ཞིག་སྲིང་གི་ཡོད་པར་ཡིད་ཆེས་ཡོད། མི་ཞིག་ཤི་བའི་རྗེས་སུ་ལུས་པོ་འཇིག་ཀྱང་རྣམ་ཤེས་འཕོ་ཡི་ཡོད་པ་རེད། ང་ཚོས་རྣམ་ཤེས་དེའི་རྒྱུན་བཙལ་ནས་ཡང་སྲིད་ངོས་འཛིན་བྱེད་ཀྱི་ཡོད་པས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་སྤི་ཏིའི་ཡུལ་དུ་འཁྲུངས་པར་ང་ཚོ་བསོད་ནམས་ཆེན་པོ་རེད་བསམ་གྱི་ཡོད། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་བོད་ཀྱི་བླ་ཆེན་ཉམས་ལེན་པ་ཞིག་རེད། ང་ཚོས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་དྲུང་དུ་སྡོམ་པ་ཞུས་མྱོང་། ཁོང་གི་ཡང་སྲིད་སླར་ཡང་བྱོན་པར་ང་ཚོ་ཧ་ཅང་དགའ་མོས་བྱུང་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

ཆུང་སྲིད་རིན་པོ་ཆེའི་མེས་པོས་ངེད་ཚང་ལ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་འཁྲུངས་པ་ནི་བསོད་ནམས་ཆེ། སྤི་ཏི་དང་ཧི་མ་ཅལ་མངའ་སྡེ། རྒྱ་གར་བཅས་ཀྱིས་སྤོབས་ངོམ་བྱེད་ཆོག་པ་ཞིག་རེད། སྔོན་མར་བླ་གྲྭ་ཁག་ཅིག་ང་ཚོའི་གྲོང་གསེབ་ཏུ་ཕེབས་ནས་ངའི་ཚ་བོའི་ཕ་མའི་མིང་བསྡུས། གལ་སྲིད་བུ་ཆུང་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱུང་ན་དགོན་པར་སྤྲོད་རྒྱུ་ཡིན་ནམ་ཞེས་དྲིས་བྱུང་། ང་ཚོ་དགའ་བཞིན་སྤྲོ་བཞིན་འཕྲལ་དུ་དེ་ལ་མོས་མཐུན་བྱ་རྒྱུའི་ཁས་བླངས་པ་ཡིན། ད་ནི་ངའི་ཚ་བོ་རབ་ཏུ་བྱུང་སྟེ་གྲྭ་པ་བྱས་པར་ང་ཚོ་ཤིན་ཏུ་དགའ་པོ་བྱུང་ཞེས་གསར་འགོད་པའི་དྲི་བར་ལན་གླན། ཆུང་སྲིད་རིན་པོ་ཆེའི་ཡུམ་སྐལ་བཟང་སྒྲོལ་དཀར་གྱིས་ང་ཚོའི་བུ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་འབྱུང་གི་རེད་ནམ་ཡང་དྲན་མེད། ན་ནིང་རྡོ་རྗེ་བྲག་གི་གྲྭ་པ་ཁག་ཅིག་ང་ཚོའི་ཁྱིམ་དུ་ཕེབས་པ་དང་དེ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ས་སྐྱ་ཁྲི་ཆེན་མཆོག་ལ་བཀའ་སྡུར་ཞུ་རུ་ཕེབས་ནས་ཡང་སྲིད་ཐག་བཅད་པ་འདྲ། ང་རང་ཨ་མ་ཞིག་ཡིན་པའི་ཆ་ནས་རང་གི་བུ་དང་ཁ་འབྲལ་དགོས་པར་སེམས་པ་སྐྱོ་ཙམ་འདུག ཡིན་ནའང་བླ་ཆེན་ཞིག་གི་ཡང་སྲིད་ང་ཚོའི་ཁྱིམ་དུ་འཁྲུངས་པ་དང་ངའི་བུ་ཆུང་བས་སེམས་ཅན་གྱི་འགྲོ་དོན་བསྐྱང་ཐུབ་རྒྱུ་ཡིན་པར་དགའ་ཚོར་ཆེ། ང་ཁོང་གི་ཨ་མར་གྱུར་པ་ནི་བསོད་ནམས་ཆེན་པོ་རེད་བསམ་གྱི་ཡོད་ཅེས་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་གྱི་གསར་འགོད་པར་གླེང་མོལ་གནང་འདུག ཆུང་སྲིད་རིན་པོ་ཆེའི་ཡབ་བསོད་ནམ་ཆོས་འཕེལ་གྱིས་ང་ཚོའི་བུས་རྟག་ཏུ་སིམ་ལར་འགྲོ་དགོས་ཡོད། སིམ་ལར་ཕྱིན་ནས་ཁྱི་ཞིག་ལ་བལྟ་དགོས་ཡོད་ཟེར་གྱི་འདུག ང་ཚོས་རང་གི་བུ་སིམ་ལའི་རྡོ་རྗེ་བྲག་དགོན་པའི་དགོན་བདག་གི་ཡང་སྲིད་ཡིན་རྒྱུ་རེད་གཏན་ནས་དྲན་མ་བྱུང་། འདས་པའི་ཟླ་བ་གསུམ་གྱི་ནང་དུ་བུ་ཆུང་ལ་འགྱུར་བ་ཞིག་ཐེབས་ནས་ང་ཚོའི་མཉམ་དུ་གཏན་ནས་སྡོད་འདོད་བྱེད་ཀྱི་མི་འདུག ང་ཚོ་སིམ་ལར་ཡོང་བའི་སྐབས་དེར་བུ་ཆུང་གྲྭ་པ་ཚོའི་མཉམ་དུ་རླངས་འཁོར་ནང་དུ་ལོགས་སུ་སྡོད་རྒྱུ་དེར་དག།་མོས་བྱེད་ཀྱི་འདུག་ཅེས་བཀྲལ།།

སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ནི་༡༩༢༦་ལོར་བོད་དུ་འཁྲུངས་པ་དང་༡༩༥༩་ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། འབྲས་ལྗོངས་ཀྱི་རུམ་སྟེགས་དགོན་པར་བསླབ་པ་སློབ་གཉེར་མཇུག་བསྐྱངས། རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༦་པ་དང་དིལ་མགོ་མཁྱེན་བརྩེ་རིན་པོ་སོགས་བོད་ཀྱི་བླ་ཆེན་དུ་མ་བསྟེན་ནས་རྫོགས་པ་ཆེན་པོའི་གཞུང་རྣམས་སྦྱངས། ༡༩༨༤་ལོར་རྒྱ་གར་གྱི་མཛེས་སྡུག་ལྡན་པའི་རི་གྲོང་སིམ་ལ་ཞེས་འབོད་པའི་ལྗོངས་སུ་བྱེས་ཀྱི་རྡོ་རྗེ་བྲག་གདན་ས་ཕྱག་བཏབ། ༢༠༡༣་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྔར་འགྱུར་རྙིང་མའི་དབུ་ཁྲིད་དུ་བསྐོ་བཞག་མཛད། ༢༠༡༥་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་དགུང་ལོ་༨༩་ཐོག་ཏུ་གནས་མཆོག་རྡོ་རྗེ་གདན་དུ་སྐུ་གཤེགས། འདས་པའི་ལོ་༧་ལ་བྱེས་ཀྱི་གདན་ས་རྡོ་རྗེ་བྲག་གི་དགེ་འདུན་གྱི་སྡེ་དང་བོད་པ། ཧི་མ་ལ་ཡའི་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་ཡང་སྲིད་ཕེབས་རྒྱུར་སྒུག སིམ་ལའི་རྡོ་རྗེ་བྲག་དགོན་པའི་མཛད་སྒོར་ཕེབས་པའི་ཕྱི་རྒྱལ་བ་ཞིག་གིས་ངའི་མི་ཚེའི་བསམ་དོན་མཐའ་དག་གྲུབ་སོང་། གལ་ཆེའི་ཁྲི་སྟོན་མཛད་སྒོ་འདིར་ཞུགས་པ་ནི་རྫུ་འཕྲུལ་དང་རྨི་ལམ་ལྟ་བུ་ཞིག་རེད། དེ་རིང་རིན་པོ་ཆེའི་ཡང་སྲིད་གདན་སར་ཞབས་སོར་འཁོད་པར་ང་ཚོ་ཚང་མ་དགའ་ཚོར་གྱིས་བརྟས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་གོང་མ་དེར་བོད་དང་རྒྱ་བལ་འབྲུག་གསུམ། ཧི་མ་ལ་ཡའི་ལྗོངས་དང་འཛམ་གླིང་ཡུལ་གྲུ་གང་སར་རྗེས་འཇུག་པ་ཇི་སྙེད་ཅིག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG