ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༢/༡༡

ཐེ་ཝན་གྱི་སྐུ་ཚབ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་མགྲོན་འབོད། 


རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱིན་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་གཞུང་འབྲེལ་གྱིས་མགྲོན་འབོད་བྱས་འདུག
རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱིན་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་གཞུང་འབྲེལ་གྱིས་མགྲོན་འབོད་བྱས་འདུག

༄༅།། ཁ་སང་ཕྱི་ཚེས་༢༠་ཉིན་ཚོགས་པའི་ཨ་མི་རི་ཀའི་སྲིད་འཛིན་༤༦་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱིན་གཞུང་འབྲེལ་གྱིས་མགྲོན་འབོད་བྱས་འདུག འདི་ནི་༡༩༧༩་ལོར་ཨ་མི་རི་ཀས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་བཟུང་། འདས་པའི་ལོ་༤༢་ཀྱི་རིང་དུ་ཨ་རིའི་སྲིད་འཛིན་ཞིག་གི་ལས་ཁུར་དམ་བུལ་གྱི་མཛད་སྒོར་ཐེ་ཝན་གྱི་སྐུ་ཚབ་གཞུང་འབྲེལ་ཐོག་ཏུ་མགྲོན་འབོད་བྱས་པ་ཐེངས་དང་པོ་ཡིན་ཞིང་། གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱེན་གྱིས་ངོ་དེབ་ནང་དུ་རང་གི་འདྲ་པར་ཞིག་དང་བརྙན་ཐུང་ཞིག་སྤེལ་ནས་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་གསར་པ་ཀ་མ་ལ་ཧེ་སི་རི་སི་རྣམ་གཉིས་ཀྱི་ཁྲི་སྟོན་མཛད་སྒོར་ཐེ་ཝན་གཞུང་དང་མི་དམངས་ཀྱི་ཚབ་ཏུ་མཉམ་ཞུགས་བྱ་རྒྱུ་བྱུང་བ་ནི་གཟི་བསོད་ཅིག་ཡིན། དམངས་གཙོ་ནི་ང་ཚོ་ཐུན་མོང་གི་བརྡ་སྐད་དང་རང་དབང་ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཡིན། ང་ཚོས་བྷ་ཌན་གྱི་སྲིད་གཞུང་གསར་པར་མཉམ་འབྲེལ་བྱས་ནས་ཐེ་ཝན་མི་དམངས་དང་ཨ་རིའི་མི་དམངས་ཀྱི་ལྟ་གྲུབ་ཀྱི་རིན་ཐང་ཡར་རྒྱས་གཏོང་རྒྱུ། ཕྱོགས་གཉིས་ཀྱི་མི་མང་གི་ཁེ་ཕན་རྣམས་མཉམ་སྒྲུབ་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བསྒྲགས། ཇཱོ་བྷ་ཌན་གྱིས་ལས་ཁུར་དམ་བཅའ་བཞག་པའི་རྗེས་སུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྱང་གོ་ལའི་ཁྱོན་འདིར་བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བར་སྐུ་ཉིད་ཀྱི་ལྷན་དུ་ལས་དོན་མཉམ་སྒྲུབ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བྷ་ཌན་གྱི་གཏམ་བཤད་ལུང་འདྲེན་བྱས་ནས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

ཕྱི་ཟླ་དང་པོའི་ཚེས་༢༡་ཉིན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་གཞུང་འབྲེལ་ཐོག་ཏུ་ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་མགྲོན་འབོད་བྱས་སོང་། འདི་ནི་འདས་པའི་ལོ་༤༢་ཀྱི་རིང་ལ་བྱུང་མྱོང་མེད་པའི་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་ཆེན་པོ་ཕྱིན་པ་ཞིག་ཡིན་ཞེས་དགའ་མོས་ཆེན་པོ་བྱས་འདུག ཐེ་ཝན་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་ཤུགས་ཆེ་ཤོས་ནི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་བྱུང་ཡོད་པ་སྟེ། ༢༠༡༦་ལོར་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཁ་པར་ཐོག་ཏུ་དུས་ཡུན་སྐར་མ་༡༠་ལྷག་གི་རིང་དུ་བཀལ་མོལ་གནང་ཡོད་པར་མ་ཟད། འདས་པའི་ལོ་བཞིའི་རིང་ལ་ཨ་མི་རི་ཀའི་འཕྲོད་བསྟེན་དྲུང་ཆེ་གཙོས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པ། ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་དེང་སྐབས་ཅན་གྱི་མཚོན་ཆ་ཕོན་ཆེན་བཙོངས་པ། ད་ལྟ་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཞཱའོ་མཱེ་ཆཱིན་མགྲོན་འབོད་བྱས་པ་དེས་ཅི་ཞིག་བསྟན་པ་རེད་ཅེས་དྲིས་ཚེ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་བཟུང་བའི་སྲིད་ཇུས་དེ་རྣམས་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་རྒྱུན་འཁྱོངས་བྱ་རྒྱུ། ཐེ་ཝན་དུ་རྟེན་གཞི་བྱས་པའི་ཝུ་ཧར་ཉམས་ཞིབ་ཁང་གི་མཁས་པ་ཊེམ་པེལ་མན་ཞེས་པ་ཞིག་གིས་བྷ་ཌན་གྱི་སྲིད་གཞུང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེ་མངོན་གསལ་དོད་པོ་མེད་ཀྱང་མཚོན་དོན་ཟབ་མོ་ཡོད་པ་ཞིག་རེད་ཅེས་བཤད།།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཇཱིམ་རི་ཤཱི་ཡིས་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱེན་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་མགྲོན་འབོད་བྱས་པར་དགའ་བསུ་ཡོད། བྷ་ཌན་གྱི་སྲིད་གཞུང་གསར་པས་ཐེ་ཝན་གྱི་སྐུ་ཚབ་མགྲོན་འབོད་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་ས་ཁམས་ཆབ་སྲིད་ཀྱི་དོན་དངོས་ལ་གཞིགས་ནས་ཐེ་ཝན་ལ་འབྲེལ་བ་ཡར་རྒྱས་བཏང་བ་དེའི་ཐོག་ཏུ་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ལས་དུས་རིང་དེར་ཨ་མི་རི་ཀའི་རྒྱལ་ཁབ་དང་མི་དམངས། རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་རང་རང་སྲིད་དོན་ཚོགས་པའི་ཕྱོགས་འཛིན་ཆེན་པོ་བྱས་ནས་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་མེད་མོད། འོན་ཀྱང་ཐེ་ཝན་གྱི་བདེ་འཇགས་དང་དམངས་གཙོ། རང་གི་ལམ་ལུགས་བཅས་ལ་སྲུང་སྐྱོབ་བྱ་རྒྱུ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་སྲིད་པར་འགོག་རྒོལ་བྱ་རྒྱུ་དེར་ཨ་རིའི་གཞུང་དམངས་གཉིས་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་ཤུགས་ཆེན་ཡོད་ཅིང་། ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་སྲིད་འཛིན་ཇཱོ་བྷ་ཌན་ལ་སྲིད་གཞུང་སྔོན་མས་ཐེ་ཝན་ལ་བཟུང་བའི་སྲིད་ཇུས་རྣམས་རྒྱུན་སྐྱོང་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་པ་རེད།།

སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོ་གྲ་སྒྲིག་ཚོགས་ཆུང་གིས་བདུན་ཕྲག་གཅིག་གི་སྔོན་ནས་ཐེ་ཝན་གྱི་སྐུ་ཚབ་ཞའོ་མཱེ་ཆཱིན་ལ་མགྲོན་ཤོག་ཕུལ་འདུག སྤྱིར་ཨ་རིའི་སྲིད་འཛིན་རྣམ་པའི་ཁྲི་སྟོན་མཛད་སྒོ་ཁག་ལ་ཐེ་ཝན་གྱི་སྐུ་ཚབ་རྣམས་མཉམ་ཞུགས་བྱས་མྱོང་ཡོད་པ་རེད། ཡིན་ནའང་སྔོན་ཆད་ཨ་རིའི་གྲོས་ཚོགས་འཐུས་མི་སྒེར་པ་ཚོས་ཐེ་ཝན་གྱི་སྐུ་ཚབ་གདན་འདྲེན་ཞུས་ནས་སྲིད་འཛིན་གྱི་ཁྲི་སྟོན་མཛད་སྒོ་ཁག་ལ་མཉམ་ཞུགས་བྱུང་འདུག ད་ལོ་ཐེ་ཝན་གྱི་སྐུ་ཚབ་ལ་ཨ་མི་རི་ཀའི་གཞུང་གིས་མགྲོན་ཤོག་ཕུལ་ཡོད་པ་རེད། དེས་ན་བྷ་ཌན་གྱི་སྲིད་གཞུང་གིས་ཀྱང་ཐེ་ཝན་ལ་འབྲེལ་བ་དམ་ཟབ་འཛིན་རྒྱུའི་རྟགས་མཚན་བསྟན་སོང་། ཨ་མི་རི་ཀའི་སྲིད་འཛིན་ཞིག་གི་ཁྲི་སྟོན་མཛད་སྒོར་ཐེ་ཝན་གྱི་སྐུ་ཚབ་གཞུང་འབྲེལ་ཐོག་ཏུ་མགྲོན་འབོད་བྱས་པ་ནི་ཝ་ཤིང་ཊོན་དང་ཐེ་པེའི་འབྲེལ་བ་ཡར་རྒྱས་ཆེན་པོ་ཞིག་ཕྱིན་པར་ངོས་འཛིན་བྱ་དགོས། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དང་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་བཅས་ཕྱོགས་གསུམ་གྱི་འབྲེལ་བར་ཚོར་སྐྱེན་རྣོན་པོ་དང་རྙོག་འཛིང་ཆེན་པོ་ཡོད་པ་གསལ་པོ་རེད། ཨ་མི་རི་ཀའི་གཞུང་གིས་བསམ་ཞིབ་གཟབ་ནན་མ་བྱས་པར་ཐེ་ཝན་གྱི་སྐུ་ཚབ་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་གཞུང་འབྲེལ་གྱིས་མགྲོན་འབོད་བྱེད་མི་སྲིད་ཅེས་གླེང་སློང་བྱས་འདུག

ཕྱི་ཟླ་དང་པོའི་ཚེས་༡༩་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཇཱོ་བྷ་ཌན་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་འདེམས་སྒྲུག་བྱས་པའི་འོས་མི་ཨན་ཐོ་ཎི་བྷ་ལིན་ཁིན་ངེས་གཏན་བྱ་དགོས་མིན་གྱི་དྲི་བ་དྲིས་ལན་བྱ་རྒྱུ་འགོ་ཚུགས། སྐུ་ཞབས་བྷ་ལིན་ཁེན་གྱིས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོར་ཐེ་ཝན་ནི་དམངས་གཙོའི་མིག་དཔེར་འོས་པ་དང་ཚན་རྩལ་གྱི་འབྱུང་ཁུངས་ཤིག་རེད། ཐེ་ཝན་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་པའི་གྲུབ་འབྲས་ལ་མངོན་པར་བསྟོད་འོས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་ན་དེ་ནི་རང་ཚོད་མ་ཟིན་པའི་ཚབས་ཆེའི་ནོར་འཁྲུལ་ཞིག་རེད། ཐེ་ཝན་གྱིས་རང་ཉིད་སྲུང་སྐྱོབ་ཐུབ་རྒྱུ་དང་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཐུབ་རྒྱུ་དེར་ཨ་མི་རི་ཀས་ངེས་པར་དུ་རྒྱབ་སྐྱོར་བྱ་དགོས། སྲིད་འཛིན་ཊམ་གྱིས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་ཞིག་བཟུང་བ་འགྲིག་འདུག ང་ཚོ་ཐབས་ཇུས་ལག་ལེན་བསྟར་སྟངས་ཐོག་ཏུ་མི་འདྲ་བའི་ཁྱད་པར་འབྱུང་སྲིད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་ལས་དོན་མཉམ་སྒྲུབ་བྱེད་ཐུབ་སའང་མང་དག་ཅིག་འདུག རྒྱ་ནག་ནི་ཨ་མི་རི་ཀའི་ཁེ་ཕན་ལ་ཉེན་ཁ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མི་དགོས། ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་བཅག་པ་དང་འགྲན་སྡུར་བྱས་ནས་རང་ཉིད་རྒྱལ་ཐུབ་པ་ཞིག་བྱ་དགོས། སྲིད་འཛིན་ཊམ་དང་ཨ་རིའི་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་མོས་མཐུན་ཡོད། ང་༢༠༡༥་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་སྐབས་དེའི་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝེན་ལ་ཐུག་འཕྲད་བྱས་མྱོང་། དེའི་རྗེས་སུ་ངས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ལ་བཀའ་མོལ་ཐེངས་འགའ་ཞིག་ཞུས་མྱོང་། ད་ལྟ་འཕོ་འགྱུར་འགྲོ་ཡི་ཡོད་པའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཁག་ཅིག་མགོ་བརྩམས་ཡོད་པ་རྣམས་རྒྱུན་སྐྱོང་བྱ་འདོད་ཅེས་གྲོས་ཚོགས་འཐུས་མི་ཚོའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག

XS
SM
MD
LG