ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་ཚོང་པ་ཚོར་ཉི་ཧོང་དུ་མ་རྩ་འཛུགས་དགོས་པའི་ནན་སྐུལ།


༄༅།། ཐེ་ཝན་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཁྲོམ་རར་ཞིབ་འཇུག་དང་ལམ་སྟོན་ཁང་གི་འགོ་ཁྲིད་ཚོས་མཚོ་གླིང་དེའི་ཚོང་པ་གསར་པ་ཚོས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུའི་ཚབ་ཏུ་ཉི་ཧོང་ལ་མ་རྩ་འཛུགས་དགོས་ཞེས་སྐུལ་ལྕག་བཏང་འདུག ཕྱི་ཟླ་༢་པའི་ཚེས་༦་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་ཚོང་པ་ཁག་ཅིག་གིས་ཕུགས་སུ་ཉི་ཧོང་ལས་རྒྱ་ནག་ལ་མ་རྩ་བཙུགས་ན་ཁེ་སང་ཆེ་བ་ཡོད་པའི་བསམ་ཚུལ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་ཞིང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ཏེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་ཚོང་འབྲེལ་གཅོད་ཀྱི་ཡོད་པའི་སྐབས་སུ་ཐེ་ཝན་གཞུང་གིས་ཀྱང་རྒྱ་ནག་ལ་ཚོང་འབྲེལ་གཅོད་ཐབས་དང་བཟོ་ཚོང་ལས་ཁང་གསར་པ་ཚོར་ཉི་ཧོང་ལ་མ་རྩ་འཛུགས་པའམ། ཡང་ན་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱ་དགོས་ཞེས་བསྐུལ། དུས་རབས་སྔོན་མའི་ལོ་རབས་༨༠་བའི་ནང་དུ་རྒྱ་ནག་ནི་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་འཛུགས་ཡུལ་གཙོ་བོ་ཞིག་ཏུ་གྱུར་མོད། ད་ལྟ་ཐེ་ཝན་གཞུང་ནས་རང་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་མ་རྩ་འཛུགས་རྒྱུ་དེར་དགེ་མཚན་མི་འདུག ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་ཐེ་ཝན་གྱི་ཁྲོམ་རའི་ནང་དུ་མ་རྩ་འཛུགས་ཀྱི་ཡོད་པ་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་ཉི་ཧོང་དུ་མ་རྩ་འཛུགས་དགོས། འདི་ནི་ཐེ་ཝན་གཞུང་གིས་ཚོང་ལས་ལ་ཐེ་ཇུས་བྱེད་དགོས་པའི་སྲིད་ཇུས་ཀྱི་གྲས་ཤིག་ཡིན། ཉི་ཧོང་ནི་རྒན་རྒོན་གྱི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་གྱི་ཡོད་པ་དང་ནུས་སྟོབས་གསར་པ་དགོས་ཀྱི་ཡོད་པས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་པ་ཚོར་ཉི་ཧོང་ལ་མ་རྩ་འཛུགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཐེ་ཝན་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཁྲོམ་རར་ཞིབ་འཇུག་དང་ལམ་སྟོན་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཇཱེ་དབྱང་གིས་ནན་བརྗོད་བྱས་འདུག འདས་པའི་ལོ་ཤས་རིང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཏེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་རྒྱ་གར། ཐེ་ཝན་དང་ཉི་ཧོང་སོགས་ལ་སྤོར་གྱི་ཡོད་པར་མིག་དཔེ་བལྟས་ནས་ཐེ་ཝན་གྱིས་ཀྱང་རང་གི་བཟོ་ཚོང་ལས་ཁང་གི་མ་རྩ་ཡོད་དོ་ཅོག་རྒྱ་ནག་གི་ཁྲོམ་རའི་གཅིག་པུར་བཙུགས་ཡོད་པ་ཐབས་མཁས་ཤིག་གཏན་ནས་མ་རེད་ཅེས་ཚོང་ལས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་འདུག

རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཅི་ཙམ་སྡུག་ཏུ་ཕྱིན་ན་ཐེ་ཝན་མཚོ་འགག་གི་ཛ་དྲག་ཇེ་ཆེར་སོང་། ཨ་མི་རི་ཀས་རྒྱ་ནག་ནས་ཕྲུལ་རིག་གི་དངོས་ཟོག་ཁག་ཅིག་ཉོ་མཚམས་བཞག ༢༠༢༢་ལོར་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཉི་ཧོང་ལ་ཨ་སྒོར་དུང་ཕྱུར་༡༧་མ་རྩ་བཙུགས། ༢༠༡༩་ཡི་ལོ་མཇུག་དེར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་འཛམ་གླིང་ཡོངས་ལ་དངོས་ཟོག་ཆད་དེ་ཡུལ་ཐང་འཕར། ཨ་མི་རི་ཀ་དང་ཉི་ཧོང་། ཡུ་རོབ་རྒྱལ་ཁབ་ཁག་གིས་རང་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་འབའ་ཞིག་ལ་མ་རྩ་བཙུགས་ཡོད་པ་ནོར་འཁྲུལ་ཡིན་པ་ངོས་ཟིན། ཨ་རི་སོགས་ཀྱིས་རང་གི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་ཁབ་གཞན་ལ་སྤོར་རྒྱུ་འགོ་བཙུགས་ནས་བཟུང་། ཐེ་ཝན་གྱིས་ཀྱང་རང་གི་བཟོ་ཚོང་ལས་ཁུངས་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུའི་ཤུགས་སྣོན་བརྒྱབ། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཁྲེན་ཧྲུའི་པེན་གྱི་དུས་སུ་མཚོ་གླིང་དེའི་བཟོ་ཚོང་ལས་ཁང་གིས་རྒྱལ་ཁབ་གཞན་ལ་མ་རྩ་འཛུགས་དགོས་པའི་སྐུལ་ལྕག་ལན་མང་བཏང་ཡང་མི་ནུས་པ་མ་ཐོན། དེའི་རྗེས་སུ་མ་དབྱིན་ཇུག་གིས་ལོ་༨་ལ་སྲིད་དབང་བཟུང་སྟེ་རྒྱ་ནག་དང་ཐེ་ཝན་གྱི་དཔལ་འབྱོར་འབྲེལ་བ་ཁ་དགར་ཐབས་མེད་པ་ཞིག་ཏུ་བསྒྱུར། ཨ་རིའི་ཧ་ཝ་དབྱི་མངའ་སྡེའི་ཤར་ནུབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཌེ་ནི་རོ་ཡེས་ཐེ་ཝན་གཞུང་གིས་མིག་སྔའི་གོ་སྐབས་བཟུང་སྟེ་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་ཀྱི་འབྲེལ་བ་རྒྱ་སྐྱེད་གཏོང་ཐབས་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གི་ཚོང་ལས་ཀྱི་གོ་སྐབས་གསར་པ་འཚོལ་རྒྱུའི་འབད་བརྩོན་བྱེད་ཀྱི་འདུག་ཅེས་བསྟན།།

ཐེ་ཝན་གཞུང་གི་རྒྱབ་སྐྱོར་ཡོད་པའི་བཟོ་ཚོང་ལས་ཁང་གསར་པ་ཁག་གི་མཐུན་ཚོགས་ཀྱི་ཉམས་ཞིབ་པ་ཇཱོན་ཨ་ལན་ཀུ་ཡིས་ཚོང་ལས་རྒྱ་སྐྱེད་ཀྱི་བསམ་བློ་ཡོད་མཁན་ཚོས་ཉི་ཧོང་ལ་མ་རྩ་བཙུགས་ན་དགེ་མཚན་ཆེ། ཉི་ཧོང་ལ་མི་འབོར་དུང་ཕྱུར་༡་དང་ས་ཡ་༢༥་ཡོད་ཀྱང་ཨ་རི་ལྟར་ཁྲོམ་ར་རྒྱ་ཆེན་པོ་མ་རེད། ཉི་ཧོང་གི་དངུལ་ཁང་༣་ནས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་པ་ཚོར་མ་རྩ་བསྐྱིས་ཏེ་ཚོང་ཤག་ལ་མཚམས་སྦྱོར་བྱེད་ཀྱི་འདུག་ཅེས་བཀྲལ། ཐེ་ཝན་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཁྲོམ་རར་ཞིབ་འཇུག་དང་ལམ་སྟོན་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཇཱེ་དབྱང་གིས་ཐེ་ཝན་ལ་ཟླ་གྲོགས་སྒྲིག་གི་ཡོད་པའི་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ལའང་སྒོ་མོ་འབྱེད་ཀྱི་ཡོད་པས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱས་ནས་ཚོང་འབྲེལ་འཛུགས་དགོས། ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་ལ་རྒྱུ་ཆ་དང་ལྷུ་ལག དངོས་ཟོག་ཚོང་འགྲེམ་གྱི་འབྲེལ་བ་ཆ་ཚང་ཡོད་པས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་གྲོགས་བསྒྲིགས་ན་ཁེ་ཕན་འདུག་ཅེས་རྒྱུ་མཚན་བགྲངས། ཐེ་ཝན་གཞུང་གི་རྒྱབ་སྐྱོར་ཡོད་པའི་བཟོ་ཚོང་ལས་ཁང་གསར་པ་ཁག་གི་མཐུན་ཚོགས་ཀྱི་ཉམས་ཞིབ་པ་ཇཱོན་ཨ་ལན་ཀུ་ཡིས་ཐོག་མ་དེར་ཐེ་ཝན་ཡིད་ཆེས་དང་རིག་གཞུང་། ལོ་རྒྱུ་སོགས་ཀྱི་ཆ་ནས་ཉི་ཧོང་ལ་ཧ་ཅང་གི་སེམས་ཐག་ཉེ་པོ་ཡིན་པ་ལྟར་ཉི་ཧོང་བ་ཚོས་ཀྱང་ཐེ་ཝན་ལ་སེམས་ཐག་ཉེ་པོ་འཛིན་གྱི་འདུག ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་འཛུགས་པ་ཇི་སྙེད་ཅིག་ལ་རྒྱལ་སྤྱིའི་ཐོག་ཏུ་ཚོང་ལས་རྒྱ་བསྐྱེད་རྒྱུའི་རེ་ལྟོས་བཅངས་པ་རེད། ཡིན་ནའང་ཁོ་ཚོར་ཉམས་མྱོང་དང་ཕྱིའི་རྒྱལ་ཁབ་ཁག་གི་ཁྲོམ་རར་མཁོ་བའི་དངོས་ཟོག་བཟོ་སྐྲུན་བྱ་རྒྱུའི་ལག་རྩ་མེད་པ་རེད་ཅེས་བཤད།།

ཐེ་ཝན་གཞུང་གིས་རང་གི་ན་གཞོན་ཁེ་ལས་པ་ཚོ་ཁོར་ཡུག་ལ་མཐུན་པའི་དངོས་ཟོག་བཟོ་སྐྲུན་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་འབྲེལ་བ་འཛུགས་ཐབས། རྒྱལ་སྤྱིའི་ཚོང་ལས་ཀྱི་ཚོགས་ཆེན་ཁག་ལ་ཞུགས་ཐབས་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་རྒྱལ་སྤྱིའི་ཐོག་ཏུ་རྒྱ་བསྐྱེད་ཐུབ་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་པའི་གཞི་གྲངས་ལྟར་ན་༢༠༡༥་ནས་༢༠༢༠་བར་དུ་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་པ་༡༥༨༩་ཡིས་ཨ་སྒོར་དུང་ཕྱུར་༤༤་རྒྱལ་སྤྱིའི་ཐོག་ཏུ་མ་རྩ་བཙུགས། ཐེ་པེ་གྲོང་ཁྱེར་དུ་བཙུགས་ནས་ལོ་༧་འགོར་བའི་ཐེ་ཝན་གྱི་མཉེན་ཆས་བཟོ་ཚོང་ལས་ཁང་ཞིག་ལ་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཞིག་གིས་མ་རྩ་བཙུགས་ཏེ་ཉི་ཧོང་ལ་ཚོང་ལས་རྒྱ་བསྐྱེད་རྒྱུ་མགོ་བརྩམས། མཉེན་ཆས་བཟོ་ཚོང་ལས་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཊ་རན་ཊོར་ལུ་ཡིས་ཉི་ཧོང་གིས་ནད་འགོག་སྲིད་ཇུས་དང་ཕྱི་མི་བཀག་སྡོམ་གྱི་སྲིད་ཇུས་ཕྱིར་འཐེན་བྱས་པའི་རྗེས་སུ་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་མང་པོར་ཉི་ཧོང་གི་རྒྱལ་སར་ཚོང་ལས་གཉེར་འདོད་འདུག ཐེ་ཝན་གྱི་བཟོ་ཚོང་ལས་ཁང་གསར་པ་ཚོར་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་འདོད་ཡོད་ཀྱང་མ་རྩ་བཀྲམ་དྲགས་ན་ཁེ་སང་ཐོབ་རྒྱུ་མིན་པའི་ཐེ་ཚོམ་འཛིན་གྱི་འདུག་ཅེས་བཤད་པའི་གནས་ཚུལ་ཐོན། ཐེ་ཝན་གྱི་གྷོ་གྷོ་ལུཀ་ཟེར་པའི་བཟོ་ཚོང་ལས་ཁང་དེ་བཙུགས་ནས་ལོ་༡༡་འདས། ༢༠༢༠་ལོར་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་དེས་ཉི་ཧོང་ལ་ཚོང་ལས་རྒྱ་བསྐྱེད། དེང་སྐབས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་དེ་དང་ཉི་ཧོང་གི་ཧྥུ་གོ་ཀ་གྲོང་ཁྱེར་གཉིས་མཉམ་འབྲེལ་གྱིས་དྲྭ་ལམ་དུ་གཡོ་ཁྲམ་དང་བརྐུས་བཅོམ་འབྱུང་གི་ཡོད་པ་འགོག་ཐབས་ཀྱི་ཚོང་ལས་གཉེར། གྷོ་གྷོ་ལུཀ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཇཱེབ་གོ་ཡིས་འཛམ་གླིང་ཧྲིལ་པོ་གྲངས་རྟགས་ཅན་དུ་འགྱུར་གྱི་ཡོད་པ་དང་ཏོག་དབྱིབས་ནད་ཡམས་རྗེས་སུ་ཉི་ཧོང་ལ་དྲྭ་ལམ་གྱི་གཡོ་ཁྲམ་བརྐུས་བཅོམ་འབྱུང་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག ཉི་ཧོང་རང་གིས་དྲྭ་ལམ་གྱི་གཡོ་ཁྲམ་བརྐུས་བཅོམ་རྣམས་འགོག་ཐབས་ཤིག་མ་རྙེད་པར་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་རེད་ཅེས་སྨྲས།།

ཕྱི་ཟླ་༢་པའི་ཚེས་༤་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་ཤུགས་ཆུང་དུ་བཏང་སྟེ་རྒྱལ་སྤྱིའི་ཐོག་ཏུ་ཚོང་འབྲེལ་འཛུགས་ཀྱི་ཡོད་པར་མ་ཟད། ཐེ་ཝན་གཞུང་གིས་དབྱིན་ཇི་དང་ཨོ་གླིང་སོགས་ལ་ཕྱོགས་གང་ཐད་དུ་འབྲེལ་བ་ཟབ་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་དབྱིན་ཡུལ་དང་ཨོ་གླིང་གི་བློན་ཆེན་རིམ་པའི་གྲོས་སྡུར་ལྷན་ཚོགས་ཐོག་ཏུ་ཐེ་ཝན་ལ་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་ཐུན་མོང་གི་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དབྱིན་ཨོ་གཉིས་ཀྱི་གསལ་བསྒྲགས་དེར་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ལ་ཕྱོགས་གཅིག་རྐྱང་པས་འགྱུར་བ་བཏང་ན་ངོ་རྒོལ་བྱ་རྒྱུ་དང་ཐེ་ཝན་ལ་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བར་རྗེས་སུ་ཡི་རང་ཞུ་ཞེས་གསལ་བསྒྲགས་སྤེལ། དབྱིན་ཡུལ་དང་ཨོ་གླིང་གི་གྲོས་སྡུར་ལྷན་ཚོགས་དེར་དབྱིན་ཇིའི་རྒྱལ་དོན་དྲུང་ཆེ་དང་རྒྱལ་སྲུང་དྲུང་ཆེ། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་དང་སྲིད་བློན་གཞོན་པ་བཅས་ཞུགས། དབྱིན་ཨོ་གཉིས་ཀས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་གླིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཡིན། རྒྱ་ནག་དང་ཐེ་ཝན་གྱི་རྩོད་གཞི་དེ་དྲག་འཐབ་དང་བཙན་དྲག་སོགས་མེད་པར་ཞི་བའི་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད། ཐེ་ཝན་མིང་དོན་མཚུངས་པའི་སྒོ་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱ་རྒྱུ་དེར་རྒྱབ་སྐྱོར་ཡོད། དབྱིན་ཨོ་གཉིས་ཀྱིས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག རིག་གཞུང་སོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་ཐུབ་པའི་རེ་བ་འཆང་ཡོད་ཅེས་བསྒྲགས། དབྱིན་ཨོ་གཉིས་ཀྱི་སྤྱི་བསྒྲགས་དེར་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་གུ་ཡངས་དང་བརྟན་ལྷིང་། ཡར་རྒྱས་འབྱུང་ཐབས་དང་བདག་དབང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལ་གོང་བཀུར་བྱ་དགོས་ཞེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG