ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཐེ་ཝན་གྱི་རུ་ཁག་ལ་ཀྲུང་ཧྭ་ཐེ་པེ་ཞེས་འབོད་དགོས་པའི་རྒྱུ་མཚན། 


༄༅།། ཉི་ཧོང་གི་རྒྱལ་ས་ཀྲོག་ཁིའོ་གྲོང་ཁྱེར་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་གསེར་གྱི་རྟགས་མ་བླངས་ཏེ་སྔོན་ཆད་བྱུང་མྱོང་མེད་པའི་རྒྱལ་ཁ་ཆེན་པོ་འཐོབ་ཀྱི་ཡོད་ཅིང་། ད་ལྟའི་བར་དུ་ཐེ་ཝན་གྱི་རྩེད་འགྲན་རུ་ཁག་ལ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་༡༡་ཐོབ། ཐེ་ཝན་ནི་༢༠༢༠་ལོའི་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་རྟགས་མ་མང་ཉུང་རྒྱལ་ཁབ་ཨང་༡༨་པ་དེར་བསླེབས། ཕྱི་ཟླ་༨་པའི་ཚེས་༨་ཉིན་ཨ་མི་རི་ཀའི་ཉམས་ཞིབ་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་༢༠༠༠་ལོར་ཨོ་གླིང་རྒྱལ་ཁབ་ཀྱི་སི་ཌི་ཎི་གྲོང་ཁྱེར་དུ་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པའི་དུས་དང་༢༠༠༤་ལོར་གྷེ་རི་སིའི་རྒྱལ་ས་ཨེ་ཐེན་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པའི་དུས་སུ་ཐེ་ཝན་ལ་རྟགས་མ་༥་རེ་ཐོབ་འདུག ཐེ་ཝན་གྱི་རྩེད་འགྲན་པ་ཚོར་གསེར་གྱི་རྟགས་མ་ཐོབ་སྟེ་མཛད་སྒོ་ཚོགས་པའི་དུས་སུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་ཏེ་ཐེ་ཝན་གྱི་རྒྱལ་གླུ་གཏོང་དགོས་མོད། འོན་ཀྱང་ཨོ་ལིམ་རྩེད་འགྲན་གྱི་མཛད་སྒོའི་ཐོག་ཏུ་ཐེ་ཝན་གྱི་རྒྱལ་དར་བསྒྲེངས་ཏེ་རྒྱལ་གླུ་གཏོང་མི་ཆོག་པར་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་གཏན་ལ་ཕབ་པའི་དར་ཆ་དང་གླུ་གཞས་གཉིས་སྒྲེང་གཏོང་བྱེད་དགོས་ཤིང་། ཨོ་ལིམ་ཕིཀ་རྩེད་འགྲན་གྱི་རྟགས་མ་ཐོབ་པའི་ཐོབ་གཞུང་དུའང་ཐེ་ཝན་ཞེས་མི་རྙེད་པར་ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་གཞུང་འོག་ཏུ་ཐེ་ཝན་ལ་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་རྟགས་མ་ཅི་ཙམ་ཐོབ་ཡོད་མེད་རྣམས་བཀོད། དེར་བརྟེན་རྒྱལ་སྤྱིའི་རྩེད་འགྲན་པ་མང་དག་ཅིག་གིས་ཐེ་ཝན་གྱི་རྩེད་འགྲན་པ་རྣམས་རྒྱ་ནག་གི་རྩེད་འགྲན་པ་རེད་བསམས་པ་དང་ཀྲུང་ཧྭ་ཐེ་པེ་ཞེས་པའི་རུ་ཁག་དེ་རྒྱ་ནག་གི་རྩེད་འགྲན་རུ་ཁག་ཅིག་རེད་བསམས་ནས་མགོ་ཉོག་ཆེན་པོ་སློང་གི་ཡོད་པའི་གནས་ཚུལ་ཐོན།།

ཐེ་ཝན་གྱི་རྩེད་འགྲན་པར་རྒྱལ་ཁ་ཐོབ་སྐབས་ཡར་བསྒྲེངས་པའི་དར་ཆ།
ཐེ་ཝན་གྱི་རྩེད་འགྲན་པར་རྒྱལ་ཁ་ཐོབ་སྐབས་ཡར་བསྒྲེངས་པའི་དར་ཆ།

ཕྱི་འབྲེལ་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། ༡༩༧༡་ལོར་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། དེའི་སྔོན་ལ་ཀྲུང་ཧྭ་མིན་གོར་ཡོད་པའི་རྒྱལ་སྤྱིའི་གདན་ཐོབ་རྣམས་རྒྱ་ནག་གིས་བླངས། ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་ཕྱིར་འཐེན་བྱས་ནས་བཟུང་། མཚོ་གླིང་དེ་སྔར་བཞིན་ཀྲུང་ཧྭ་མིན་གོ་དང་ཐེ་ཝན་གང་རུང་གི་མིང་ཐོག་ཏུ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཞུགས་མ་ཆོག་པར་གྱུར། ༡༩༨༡་ལོར་ཐེ་ཝན་གྱི་ཨོ་ལིམ་ཕིཀ་རྩེད་འགྲན་ལྷན་ཚོགས་དང་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གཉིས་གྲོས་སྡུར་གྱིས་ཐེ་ཝན་སྔར་བཞིན་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱེད་ཆོག་རྒྱུ། ཐེ་ཝན་གྱི་རྩེད་འགྲན་རུ་ཁག་གིས་ཀྲུང་ཧྭ་མིན་གོ་དང་ཐེ་ཝན་གང་རུང་མིང་བྱང་འཁྱེར་མི་ཆོག་པ། ཐེ་ཝན་གྱི་རྩེད་འགྲན་པ་ཚོར་གསེར་གྱི་རྟགས་མ་ཐོབ་སྟེ་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི་སྐབས་སུ་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་ཐག་གཅོད་བྱས་པའི་དར་ཆ་དང་གླུ་གཞས་གཉིས་བཀོལ་སྤྱོད་བྱེད་དགོས་པའི་ཐག་བཅད། རྒྱ་ནག་གིས་ཐེ་ཝན་གྱི་རུ་ཁག་དེས་ངེས་པར་དུ་ཀྲུང་གོའི་ཐེ་པེ་ཞེས་མིང་བྱང་འཁྱེར་དགོས་པའི་ཨུ་ཚུགས་བརྒྱབ། ཐེ་ཝན་གྱིས་ཀྲུང་གོའི་ཐེ་པེ་ཞེས་པའི་མིང་བྱང་ལ་མོས་མཐུན་མེད། ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་བྱང་འཁྱེར་དགོས་ན་མོས་མཐུན་བྱེད་ཆོག་ཅེས་མཚོ་འགག་ཕྱོགས་གཉིས་དང་རྒྱལ་སྤྱིའི་ཨོ་ལམ་ཕིཀ་ལྷན་ཁང་གསུམ་གྱིས་ཕན་ཚུན་གུ་བཤངས་བྱས་ནས་དབྱིན་ཡིག་གི་Chinese Taipei་སྟེ། ཐེ་པེའི་ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་བྱང་འཁྱེར་རྒྱུ་གཏན་ཁེལ་བྱུང་།།

ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་བྱང་གཏན་འབེབས་བྱུང་བ་དེར་མགོ་ཉོག་ཆེན་པོ་དང་ཐེ་ཝན་གྱི་རྩེད་འགྲན་པ་ཚོར་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་སྒྲེང་ཆོག་པ་དང་རྒྱལ་གླུ་གཏོང་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་མེད་པར་ཡི་མ་རངས་པར་གྱུར། ༢༠༡༨་ལོར་ཐེ་ཝན་གཞུང་གིས་མཚོ་གླིང་དེའི་རྩེད་འགྲན་པ་རྣམས་༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་ཐེ་ཝན་ཞེས་མིང་བྱང་ཁྱེར་ནས་རྩེད་འགྲན་ལ་ཞུགས་དགོས་མིན་མང་མོས་འོས་འདེམས་བྱས་འདུག ཐེ་ཝན་གྱི་ཨོ་ལོམ་ཕིཀ་རྩེད་འགྲན་པ་ཟུར་པ་ཊི་ཁྲེང་གིས་ཕྱི་འབྲེལ་དུས་དེབ་ཀྱི་གསར་འགོད་པར་བཤད་པ་ལྟར་ན། ཐེ་ཝན་གྱི་རྩེད་འགྲན་པ་ཚོར་རང་གི་རྒྱལ་ཁབ་ཀྱི་རུ་ཁག་དེར་ཀྲུང་ཧྭ་ཐེ་པེ་ཞེས་མིང་འབོད་དང་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་རྟགས་མ་བླངས་ཏེ་རྡིངས་ཆའི་སྟེང་དུ་ཀྲུང་ཧྭ་ཐེ་པེའི་མིང་ཐོག་ཏུ་འཛེག་འདོད་གཏན་ནས་མི་འདུག་ཅེས་བཤད། ཐེ་ཝན་གཞུང་གིས་རང་བཙན་གྱི་ལངས་ཕྱོགས་བརྟན་པོ་འཛིན་གྱི་ཡོད་ཀྱང་ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་བྱང་དེ་ཐེ་ཝན་ལ་བསྒྱུར་རྒྱུ་དེར་ཤུགས་སྣོན་ཆེན་པོ་ཞིག་རྒྱག་དཀའ། ཐེ་ཝན་གྱི་རྩེད་འགྲན་པ་ཁག་ཅིག་གིས་ང་ཚོས་ཨོ་ལམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་གཏན་འབེབས་བྱས་པའི་མིང་བྱང་མ་ཁྱེར་ན་ཐེ་ཝན་རྒྱལ་སྤྱིའི་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱེད་དུ་མི་འཇུག་པའི་འགོག་རྐྱེན་འཕྲད་སྲིད་ཅེས་བསྟན། ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་ཀྱང་ཐེ་ཝན་གྱི་རུ་ཁག་གི་མིང་བྱང་བསྒྱུར་ན་རྒྱལ་སྤྱིའི་རྩེད་འགྲན་ཁག་ལ་མཉམ་ཞུགས་བྱ་རྒྱུ་འགོག་ངེས་ཡིན་ཞེས་ཐ་ཚིག་བསྒྲགས། ཐེ་ཝན་གྱི་མང་མོས་འོས་འདེམས་སྐབས་སུ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༥༢་ཀྱི་ཀྲུང་ཧྭ་ཐེ་པེ་ཞེས་པའི་མིང་བྱང་འཁྱེར་དགོས་ཞེས་འོས་ཤོག་འཕངས། མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༣་གྱིས་ཐེ་ཝན་ཞེས་མིང་བྱང་འཁྱེར་དགོས་པའི་འོས་ཤོག་འཕངས།།

༢༠༢༠་ལོའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་སྐབས་སུ་ཐེ་ཝན་གྱི་རྩེད་འགྲན་པ་ཚོར་ཟིན་ཐོ་བརྒལ་བའི་གྲུབ་འབྲས་འཐོན་གྱི་ཡོད་པས་༢༠༢༤་ལོར་ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་གོང་དེར་ཐེ་ཝན་གཞུང་གིས་སླར་ཡང་མཚོ་གླིང་དེའི་ཨ་ལིམ་ཕིཀ་རྩེད་འགྲན་རུ་ཁག་གི་མིང་བྱང་བསྒྱུར་དགོས་མིན་མང་མོས་འོས་འདེམས་བྱ་དགོས་ཐུག་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱ་རྒྱུ་འགོ་ཚུགས། ཐེ་ཝན་གྱི་རྩེད་འགྲན་པ་ཟུར་པ་ཊི་ཁྲེང་གིས་ཀྲུང་ཧྭ་ཐེ་པེ་ཟེར་བའི་རུ་ཁག་གི་མིང་དེ་ཧ་ཅང་གི་མགོ་ཉོག་ཆེན་པོ་ཞིག་རེད། ང་ཚོའི་རྩེད་འགྲན་པ་རྣམས་རྟག་ཏུ་རྒྱ་ནག་གི་རྩེད་འགྲན་པ་རེད་བསམས་ནས་འཕྱུག་ནོར་ཆེན་པོ་འབྱུང་གི་འདུག་ཅེས་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་བཤད། རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཁང་གིས་ཐེ་ཝན་གྱི་མིང་བྱང་བརྗེ་སྒྱུར་བྱ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་ཞིང་། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཨོ་ལིམ་ཕིཀ་རྩེད་འགྲན་འགོ་འཛུགས་ཀྱི་མཛད་སྒོའི་གཞུག་ཏུ་ངོ་དེབ་དང་ཊོས་ཊར་དྲྭ་ལམ་དུ་ཐེ་ཝན་གྱི་རུ་ཁག་ལ་རྟེན་འབྲེལ་ཞུ། ང་ཚོའི་དཀའ་ངལ་དེ་ཅི་ཙམ་ཆེ་ཡང་ཐེ་ཝན་འཛམ་གླིང་གི་གྲུབ་ཆ་ཞིག་ཡིན་པའི་དོན་དངོས་ནི་བསྙོན་ཐབས་བྲལ་ཞེས་འཕྲིན་ཐུང་སྤེལ། ཐེ་ཝན་གྱི་རྩེད་འགྲན་རུ་ཁག་ཚོགས་རའི་ནང་དུ་འཛུལ་བའི་དུས་དེར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་སླར་ཡང་ཐེ་ཝན་འཛམ་གླིང་གི་གར་སྟེགས་སུ་བསླེབས་པ་རེད། ང་ཚོ་ཚང་མས་ཐུན་མོང་གི་སྤོབས་པའི་ཚོར་བ་ཞིག་མྱོང་བཞིན་ཡོད་ཅེས་འཕྲིན་ཐུང་སྤེལ། སྲིད་འཛིན་ཚེ་དབྱིན་ཝེན་གྱི་འཕྲིན་ཐུང་ཁག་ཏུ་ཀྲུང་ཧྭ་ཐེ་པེ་ཞེས་ཡིག་འབྲུ་ཞིག་བྲིས་མེད་པ་ནི་ཐེ་ཝན་གྱི་རུ་ཁག་གི་མིང་བྱང་བསྒྱུར་བའི་གོ་བ་ལེན་ཆོག རྒྱ་ནག་གཞུང་གིས་དེ་ལ་འཕྲལ་དུ་གཡོ་སྒྱུ་འཁྲབ་ནས་རང་བཙན་ཕྱོགས་སུ་སྐྱོད་ཀྱི་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་རྒྱ་ནག་གི་གཅིག་གི་རྩ་དོན་འོག་ཏུ་ཀྲུང་ཧྭ་ཐེ་པེའི་རུ་ཁག་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱེད་དུ་བཅུག་པ་རེད་ཅེས་དྲན་སྐུལ་བསླངས།།

ཐེ་ཝན་གྱི་རྩེད་འགྲན་པ་ཚོས་རང་གི་ངོ་བོ་གསལ་སྟོན་བྱ་རྒྱུ་ཤུགས་ཆེ་རུ་སོང་། དཔེར་ན་བྱ་སྒྲོ་རྩེད་འགྲན་པ་གཉིས་ལ་གསེར་གྱི་རྟགས་མ་ཐོབ་སྟེ་ཝང་ཊི་ལིན་གྱིས་དབྱིན་རྒྱ་སྐད་ཡིག་གཉིས་སུ་ང་ཝང་ཊི་ལིན་ཡིན། ང་ཐེ་ཝན་ནས་ཡིན་ཞེས་ངོ་དེབ་ནང་དུ་ཐེ་ཝན་གྱི་རྒྱལ་དར་བཀྲམ། ཐེ་ཝན་གྱི་རྩེད་འགྲན་པ་ལི་དབྱང་གིས་ངའི་རྟགས་མ་འདི་རང་གི་རྒྱལ་ཁབ་ཐེ་ཝན་ལ་བསྔོས་པ་ཡིན་ཞེས་འཕྲིན་ཐུང་སྤེལ། ཐེ་ཝན་གྱི་བྱ་སྒྲོ་རྩེད་འགྲན་པ་གཉིས་ཀྱིས་རྒྱ་ནག་གི་རུ་ཁག་ཕམ་ཉེས་སུ་བཏང་བར་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ནད་མ་ཁྱོག ཁོ་ཚོས་ཐེ་ཝན་ལ་ཚོང་འབྲེལ་གཅོད་དགོས་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གཞུང་གིས་དྲྭ་ལམ་ཁག་ལ་བཀག་སྡོམ་བྱས་ནས་ཐེ་ཝན་གྱི་རྩེད་འགྲན་པ་ཚོས་དྲྭ་ལམ་དུ་ངའི་རྒྱལ་ཁབ་ཐེ་ཝན་ཡིན་ཞེས་བཀོད་པ་དང་ངས་རང་གི་རྒྱལ་ཁབ་ཐེ་ཝན་ལ་རྟགས་མ་འདི་བསྔོས་པ་ཡིན་ཞེས་འཕྲིན་ཐུང་སྤེལ་བ། དེ་བཞིན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ང་ཚོའི་རྒྱལ་ཁབ་ལ་གསེར་གྱི་རྟགས་མ་ཐེངས་དང་པོ་ཐོབ་པར་རྟེན་འབྲེལ་ཞུ་ཞེས་ཐེ་ཝན་གྱི་རྩོད་འགྲན་པ་ཚོར་དྲྭ་ལམ་དུ་འཚམས་འདྲི་ཞུས་པ་རྣམས་རྒྱ་ནག་མི་དམངས་ལ་མཐོང་ཐོས་འབྱུང་དུ་མི་འཇུག་པར་བཀག ཐེ་ཝན་གྱི་གློག་བརྙན་འཁྲབ་མཁན་དང་བརྙན་འཕྲིན་མདོ་འཛིན་པ་གྲགས་ཅན་ཚོས་མཚོ་གླིང་དེའི་རྩེད་འགྲན་རུ་ཁག་ལ་རྒྱལ་ཁབ་ཀྱི་རུ་ཁག་ཅེས་མཆན་བཀོད་པར་རྒྱ་ནག་གི་དྲྭ་དམངས་རྗེས་འབྲང་བ་ཚོས་ངོ་རྒོལ་བྱས་ནས་ཚོང་འབྲེལ་གཅོད་རྒྱུ་མགོ་བརྩམས། རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་ཧྲང་ཧེ་ཇ་ཚོང་ཁང་གི་བདག་པོ་ཧྲུག་ཆོན་ཀྲེ་ཞེས་པ་ཞིག་གིས་རྒྱལ་ཁབ་ཀྱི་རྩ་དོན་ཨང་དང་པོར་འཛིན་དགོས། ང་ཚོས་རྒྱ་ནག་གཅིག་གི་དོན་དུ་ཐེ་ཝན་གྱི་བརྙན་འཕྲིན་མདོ་འཛིན་པ་གྲགས་ཅན་དྷི་སུ་ལ་ཇ་ཚོང་དྲིལ་བསྒྲགས་ཀྱི་ཚོང་འབྲེལ་ཡོད་ཚད་གཅོད་རྒྱུ་ཡིན་ཞེས་བཀོད་འདུག

XS
SM
MD
LG