ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཐེ་ཝན་གྱི་ཕྱོཊ་འགལ་ཚོགས་པ་ཁག་གིས་འོས་མི་གཅིག་གདམ་རྒྱུའི་ཐག་བཅད།


༄༅།། ཉེ་དུས་ཤིག་ནས་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལས་འགུལ་ཁག་འཁྲུག་ཆ་ཇེ་དོད་དུ་སོང་། ཐེ་ཝན་གྱི་གོ་མིན་ཏང་དང་དེའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཁག་གིས་སྲིད་འཛིན་འོས་མི་གཅིག་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐག་གཅོད་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༡༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་སྲིད་འཛིན་འོས་མིར་བདམས། དེང་སྐབས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་གིས་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་སུ་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་ལ་མི་མང་འོས་ཤོག་འཕེན་མཁན་མང་བ་ཐོབ། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧུག་ཡུག་དབྱི་དང་ཐེ་ཝན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲི་ཟུང་གིས་ཨང་གཉིས་པ་བརྩད་ནས་འཐབ་རྩོད་བྱེད་དགོས་པར་གྱུར། ༢༠༢༤་ལོའི་ཕྱི་ཟླ་དང་པོའི་ཚེས་༡༣་ཉིན་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྔོན་འདིར་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ། གསར་འགྱུར་ལས་ཁུངས་ཁག་དང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་འཁྱོག་བརྗོད་དང་གནས་ཚུལ་ལོག་པ་སྤེལ་ནས་ཐེ་ཝན་མི་དམངས་ཀྱི་བློ་ཁ་བསྒྱུར་ཐབས། མཚོ་གླིང་དེའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་ཕམ་ཉེས་བྱུང་སྟེ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་པའི་གོ་མིན་ཏང་ངམ། ཡང་ན་དེའི་ཕྱོགས་གཏོགས་ཀྱི་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཏུ་འཇུག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཐེ་ཝན་གྱི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་དང་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཀས་ང་ཚོའི་འོས་འདེམས་ལ་རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཇུས་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པར་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད། རྒྱ་ནག་གིས་ཐེ་ཝན་གྱི་ཞིབ་འཇུག་ལས་ཁང་ཁག་བརྒྱུད་ནས་མང་ཚོགས་ཀྱི་བློ་ཁ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་བརྗོད་ཅི་དགོས་ཞེས་བཤད།།

ཟླ་བ་སྔོན་མ་ནས་གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པ་གཉིས་མཉམ་འབྲེལ་བྱས་ཏེ་ཐུན་མོང་གི་སྲིད་འཛིན་འོས་མི་གཅིག་གདམ་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་གིས་བར་འདུམ་བྱས་ནས་ཕྱོགས་འགལ་ཚོགས་པ་དེ་དག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུའི་གྲོས་མཐུན་བྱུང་། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧུག་ཡུག་དབྱིས་ང་ཚོའི་སུ་ཞིག་འགོ་ཁྲིད་ཨང་དང་པོ་དང་སུ་ཞིག་འགོ་ཁྲིད་གཞོན་པ་སྟེ། སྲིད་འཛིན་གྱི་འོས་མི་དང་སྲིད་འཛིན་གཞོན་པའི་འོས་མིར་གྱུར་ཀྱང་ཁྱད་པར་མེད། ང་ཚོས་མཉམ་དུ་ལས་དོན་བསྒྲུབ་དགོས། ང་ཚོའི་མཉམ་འབྲེལ་འདི་གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པའི་ཆེད་དུ་མིན། ང་ཚོའི་མཉམ་འབྲེལ་འདིས་ཐེ་ཝན་མི་དམངས་གཅིག་གྱུར་བྱས་པ་རེད་ཅེས་གསར་འགོད་པ་དང་ཚོང་ལས་ཁག་གི་འགོ་ཁྲིད་ཚོར་གཏམ་བཤད་བྱས་ཤིང་། ཐེ་ཝན་གྱི་གཞུང་འཛིན་ཚོགས་པས་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་ནི་རྒྱ་ནག་གི་བཀོད་ཇུས་འོག་ཏུ་ཚུད་པའི་མི་ཞིག་རེད་ཅེས་སྐྱོན་བཙུགས།།

ཐེ་ཝན་གྱི་ཏན་ཅང་སློབ་གྲྭ་ཆེན་མོའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་གཞོན་པ་ཁྲེན་དབྱི་ཧྥན་གྱིས་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧུག་ཡུག་དབྱི་དང་ཐེ་ཝན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲི་གཉིས་མཉམ་འབྲེལ་བྱེད་ཚེ། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་ལ་འོས་བསྡུའི་རྒྱལ་ཁ་འཐོབ་རྒྱུ་ཉག་གཅིག་རེད་ཅེས་བསྟན། ཉམས་ཞིབ་པ་ཚོས་ཐེ་ཝན་གྱི་གོ་མིན་ཏང་གི་འོས་མི་ཧུག་ཡུག་དབྱི་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་དང་ཁེ་ཝེན་ཀྲི་སྲིད་འཛིན་གཞོན་པའི་འོས་མིར་གདམ་རྒྱུའི་རྟགས་མཚན་འདུག་ཅེས་སྨྲས། ཐེ་ཝན་གྱི་གཞུང་འཛིན་ཚོགས་པས་སྲིད་འཛིན་གཞོན་པའི་འོས་མི་གཏན་ཁེལ་བྱས་མེད་ཀྱང་ཀུན་གྱིས་ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་ཞའོ་མེ་ཆིན་སྲིད་འཛིན་གཞོན་པའི་འོས་མིར་གདམ་རྒྱུ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པར་མ་ཟད། ཞའོ་མེ་ཆིན་ནི་ཕྱི་འབྲེལ་མཁས་པོ་དང་འཇོག་ཐང་ཅན་གྱི་བུད་མེད་ཅིག་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་ཞའོ་མེ་ཆིན་
ཨ་མི་རི་ཀར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་ཞའོ་མེ་ཆིན་

ཕྱི་ཟླ་༡༡་པའི་ཚེས་༡༥་ཉིན་ཐེ་ཝན་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཝང་ཡེ་ལིས་ཊེམ་དུས་དེབ་ཀྱི་གསར་འགོད་པར་བཤད་པ་ལྟར་ན། ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་གཙོ་གཞོན་གཉིས་ཀྱི་འོས་མིར་སུ་ཞིག་བདམས་ཀྱང་ཆོག རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ན་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ཕམ་ཐུབ་རྒྱུའི་གོ་སྐབས་བརྒྱ་ཆ་༥༠་ལྷག་འདུག རྒྱ་ནག་ལ་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེར་འོས་བསྡུའི་རྒྱལ་ཁབ་འཐོབ་རྒྱུའི་ཚབ་ཏུ་གོ་མིན་དང་ཐེ་ཝན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཀྱང་འགྲིག་གི་ཡོད་པ་རེད་ཅེས་བཀྲལ། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀར་ཐེ་ཝན་མཚོ་འགག་ཏུ་ཞི་བདེ་བརྟན་ལྷིང་བསྐྲུན་འདོད་ཡོད་མོད། འོན་ཀྱང་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་འོས་མི་ལེ་ཆིང་ཏེར་འོས་བསྡུའི་རྒྱལ་ཁ་ཐོབ་ན་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།

ཧྥོག་སི་འཕྲུལ་རིག་བཟོ་ཚོང་ཁང་གི་ཕྱུག་བདག་གོ་ཐེ་མིང་
ཧྥོག་སི་འཕྲུལ་རིག་བཟོ་ཚོང་ཁང་གི་ཕྱུག་བདག་གོ་ཐེ་མིང་

ད་ལྟ་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དང་ཞིབ་འཇུག་ལས་ཁུངས་ཁག་གིས་མི་དམངས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྟར་ན་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལེ་ཆིང་ཏེར་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༣༣་དང་ཐེ་ཝན་མི་དམངས་ཚོགས་པའི་འོས་མི་ཁེ་ཝེན་ཀྲི་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༢༤། གོ་མིན་ཏང་གི་འོས་མི་ཧུག་ཡུག་དབྱི་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༢༢་ཐོབ། ཧྥོག་སི་འཕྲུལ་རིག་བཟོ་ཚོང་ཁང་གི་ཕྱུག་བདག་གོ་ཐེ་མིང་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༨་ཡོད་ཅིང་། གལ་སྲིད་ཐེ་ཝན་གྱི་གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པ་མཉམ་འབྲེལ་བྱས་ན་ཕྱོགས་འགལ་ཚོགས་པར་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༤༦་འཐོབ་རྒྱུའི་རྟགས་མཚན་མངོན། གོ་ཐེ་མིང་ལ་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༨་ཡོད་པ་དེ་མཐའ་མཇུག་ཐེ་ཝན་གྱི་སྲིད་དོན་ཚོགས་པ་གང་ལ་འཐོབ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཐེ་ཝན་གྱི་ཕྱུག་བདག་དེས་ཕྱོགས་འགལ་ཚོགས་པར་རྒྱབ་སྐྱོར་བྱས་ན་གཞུང་འཛིན་ཚོགས་པའི་འོས་མིར་ཕམ་ཉེས་འབྱུང་སྲིད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༡༤་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་མི་དམངས་ཚོགས་པས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་སྐྱེས་པའི་ཤུའི་ཁྲུན་དབྱིང་སྲིད་དོན་ཚོགས་པ་དེའི་གྲོས་ཚོགས་འཐུས་མིར་གདམ་འཆར་ཡོད་པའི་སྐད་ཆ་ཞིག་ཐོན། ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཁག་དང་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཤུའི་ཁྲུན་དབྱིང་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་འདུག་ཅེས་སྐྱོན་བཀལ། ཤུའི་ཁྲུན་དབྱིང་གིས་ང་རྒྱ་ནག་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་མྱོང་མེད། གལ་སྲིད་ང་རྒྱ་ནག་དམར་ཤོག་ཚོགས་པར་འབྲོད་བ་ཡོད་པའི་དཔང་རྟགས་ཡོད་ན་ངའི་ཐེ་ཝན་གྱི་སྤྱི་དམངས་ཐོབ་ཐང་ཕྱིར་བསྡུ་དང་ང་ཐེ་ཝན་ནས་རྒྱང་ཕུད་གཏོང་ཆོག་ཟེར། ༡༩༩༣་ལོར་ཤུའི་ཁྲུན་དབྱིང་གིས་ཐེ་ཝན་གྱི་སྐྱེས་པ་ཞིག་ལ་གཉེན་སྒྲིག་བྱས་ནས་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་དོར། ༢༠༠༠་ལོར་ཤུའི་ཁྲུན་དབྱིང་གིས་ཐེ་ཝན་གྱི་སྤྱི་དམངས་ཐོབ་ཐང་བླངས། ཁོ་མོས་ང་རྒྱ་ནག་གི་བཀོད་ཇུས་འོག་ཏུ་ཚུད་པའི་མི་ཞིག་མིན། གལ་སྲིད་ཐེ་ཝན་མི་དམངས་ལ་འདོད་པ་ཡོད་ན་ང་གྲོས་ཚོགས་འཐུས་མིར་གདམ་རྒྱུ་རེད་ཅེས་བཤད་འདུག

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༢༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་དཔྱད་ཞིབ་ཀྱི་རྩོམ་ཡིག་ཅིག་སྤེལ་བ་དེར་འཁོད་པ་ལྟར་ན། ༢༠༢༤་ལོའི་ཐེ་ཝན་གྱི་འོས་བསྡུ་དེ་རྒྱ་ནག་དང་ཨ་རི་གཉིས་ཀར་གནད་འགག་ཆེ། ཐེ་ཝན་གྱི་འོས་བསྡུས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་ཤུགས་རྐྱེན་ཐེབས་ཐུབ། ཐེ་ཝན་མི་དམངས་ལ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགལ་གོ་མིན་ཏང་ཚོགས་པ་ལས་གདམ་ཀ་མི་འདུག ཐེ་ཝན་མི་དམངས་ཀྱིས་སྲིད་དོན་ཚོགས་པ་གང་ལ་འོས་ཤོག་འཕངས་ཀྱང་ཨ་རྒྱའི་འབྲེལ་བར་དོ་ཕོག་འགྲོ་སྲིད། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ཁས་བླངས་ཏེ་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་ཁོངས་སུ་འདུ་དགོས་པར་འཐད། ཡིན་ནའང་རྒྱ་ནག་གིས་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། སྲིད་འཛིན་བྷ་ཌན་གྱིས་ཐེངས་༤་ལ་རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་བར་འགོག་བྱ་རྒྱུ་ཡིན་ཞེས་བསྒྲགས། ༡༩༧༩་ནས་ཨ་མི་རི་ཀས་ཐེ་ཝན་གཞུང་འབྲེལ་བཅད་ཀྱང་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG