ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་འགོག་ཐབས་ནུས་ལྡན།


༄༅།། རྒྱ་ནག་གིས་ཕྱི་ཚུལ་དུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་ཤུགས་ཆེ་རུ་གཏོང་གི་ཡོད་ཀྱང་རྒྱལ་ནང་དུ་དཔལ་འབྱོར་ཉམས་རྒུད་དང་ན་གཞོན་ལས་ཤོར་བའི་གྲངས་འབོར་ཇེ་མང་། རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཕྱི་དོན་དུས་དེབ་ནང་དུ་རྩོམ་ཡིག་ཅིག་ཐོན་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཇི་ལྟར་འགོག་དགོས་མིན་ཐད་ཨ་མི་རི་ཀའི་གྲོས་སྡུར་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག ཨ་རིའི་གྲོས་སྡུར་དེ་ཚོར་རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། ཞིས་ཅིན་ཕིང་དང་རྒྱ་ནག་གི་འགོ་ཁྲིད་སྔོན་མ་ཚོས་ཐེ་ཝན་ལ་དམག་རྒྱག་དགོས་ཐུག་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་མཚོ་དམག་བཀོད་འདོམས་པ་མེ་ཁེ་གྷིལ་ཌེ་ཚུད་པའི་ཨ་རིའི་དམག་དཔོན་ཚོས་༢༠༢༧་ཡས་མས་སུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་འདུག་ཅེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་སྤེལ་འདུག

རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་མཚོ་དམག་བཀོད་འདོམས་པ་མེ་ཁེ་གྷིལ་ཌེ་
རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཨ་རིའི་མཚོ་དམག་བཀོད་འདོམས་པ་མེ་ཁེ་གྷིལ་ཌེ་

ཉམས་ཞིབ་པ་དང་སྲིད་ཇུས་གཏན་འབེབས་བ་མང་པོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་འགོག་ཐབས་ནི་ཨ་མི་རི་ཀའི་དམག་དོན་འགྲོ་གྲོན་མང་དུ་བཏང་སྟེ་ཐེ་ཝན་ལ་མཚོན་ཆ་སྤྲོད་རྒྱུ་ཤུགས་ཆེ་རུ་གཏང་དགོས། ཨ་མི་རི་ཀའི་རྒྱལ་ནང་གི་དམག་དོན་བཟོ་ལས་སླར་གསོ་བྱ་རྒྱུ། ནམ་ཞིག་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རི་དང་ཐེ་ཝན་གཉིས་ཀར་མཚོན་ཆ་འདང་ངེས་མེད་པའི་དཀའ་ངལ་མེད་པར་གཏོང་དགོས། ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་མཐུན་གྲོགས་རྒྱལ་ཁབ་མང་དུ་གཏོང་རྒྱུ། དེ་བཞིན་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་ནང་དུ་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཆག་སྒོ་ཆེན་པོ་འབྱུང་རྒྱུ་གདོན་མི་ཟ། ཐེ་ཝན་ལ་དམག་བརྒྱབ་པའི་རྗེས་སུ་ཨ་རི་དང་ཉི་ཧོང་སོགས་རྒྱལ་ཁབ་མང་པོར་ཁ་གཏད་གཅོག་དགོས་པའི་ཉེན་ཁ་ངོས་ཟིན་དུ་འཇུག་དགོས། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་པའི་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་པའི་གོ་བརྡ་འཕྲོད་དུ་འཇུག་དགོས། ཐེ་ཝན་གྱི་གནད་དོན་ཐོག་ཏུ་ཨ་མི་རི་ཀས་རྒྱ་ནག་ལ་འཁྲུག་རྩོད་སློང་བའི་སྲིད་ཇུས་འཛིན་རྒྱུར་འཛེམ་ཟོན་བྱ་དགོས་ཞེས་ལམ་སྟོན་བྱས་འདུག

ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་ཨ་མི་རི་ཀས་ངེས་པར་དུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་འགོག་ཐབས་སམ། ཡང་ན་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་འགུལ་ས་མེད་པར་གཏང་རྒྱུ་ཡིན་པ་མངོན་དུ་འགྱུར་མི་ཐུབ་པ། ཐེ་ཝན་གྱི་དཔལ་འབྱོར་དང་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ། ཐེ་ཝན་མི་དམངས་རྣམས་འཕེལ་རྒྱས་འགྲོ་ཐུབ་པའི་སྲིད་ཇུས་ཤིག་འཛིན་དགོས། ད་ལྟའི་ཨ་མི་རི་ཀའི་སྲིད་ཇུས་ནི་ཐེ་ཝན་མཚོ་འགག་ལ་དམག་དྲངས་ནས་རྒྱ་ནག་གི་བཙན་འཛུལ་འགོག་རྒྱུ་ཡིན་མིན་ཁ་གསལ་མེད་པ་ཞིག་རེད། ༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཐེ་ཝན་ལག་བསྟར་ཁྲིམས་ཡིག་ནང་དུ་ཨ་མི་རི་ཀས་ཐེ་ཝན་མཚོ་འགག་ཏུ་དམག་བཏང་སྟེ་ཐད་ཀར་དམག་འཁྲུག་ལ་ཞུགས་དགོས་མིན་ནི་ཨ་རིའི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅེས་འཁོད། ཨ་རིའི་ཁྲིམས་ཡིག་དེའི་འབྲུ་དོན་ནང་དུ་ཐེ་ཝན་ལ་སྲུང་སྐྱོབ་བྱ་ཡིན་ཞེས་འཁོད་མེད་ཀྱང་རྒྱ་ནག་གིས་བཙན་འཛུལ་བྱེད་ཆོག་པ་ཞིག་ཀྱང་མ་རེད་ཅེས་གནས་ཚུལ་སྤེལ་འདུག

ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཉི་མ་གཅིག་ལ་དམག་གི་གནམ་གྲུ་༡༠༠་ལྷག་ཐེ་ཝན་གྱི་ལྷོ་ནུབ་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་བཏང་ཞིང་། དེའི་རྗེས་སུ་རྒྱ་ནག་གི་འབབ་གྲུའི་ཐོག་ཏུ་འཐབ་འཛིང་གནམ་གྲུ་ཁྱེར་ནས་ཐེ་ཝན་ཤར་ཕྱོགས་སུ་མཚོ་དམག་གིས་སྦྱོང་བརྡར་བྱས་འདུག རྒྱ་ནག་གིས་འཇིགས་སྐུལ་དེ་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུའི་ཆེད་དུ་ཡིན་ནམ། ཡང་ན་ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུ་བྱེད་ཀྱི་ཡོད་པར་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཐབས་ཡིན་པ་མི་ཤེས། རྒྱ་ནག་གིས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་དམངས་གཙོ་ཡར་ཐོན་ཚོགས་པ་དང་དེའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པར་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་པའི་གོ་མིན་ཏང་དང་དེའི་ཕྱོགས་གཏོགས་སྲིད་དོན་ཚོགས་པ་ཁག་ལ་འོས་བསྡུའི་རྒྱལ་ཁབ་ཐོབ་ན་དགའ་མོས་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་ནག་གི་དམིགས་ཡུལ་དང་ཀུན་སློང་ཅི་ཞིག་ཡིན་རུང་ཐེ་ཝན་ལ་དམག་རྒྱག་དགོས་ན་ཞིས་ཅིན་ཕིང་གིས་རང་གི་སྲིད་དབང་བརྟན་རྒྱུ་ཡིན་མིན་དང་རྒྱ་ནག་མི་མང་ས་ཡ་མང་པོ་བསད་རྨས་འབྱུང་སྲིད་པའི་མཇུག་འབྲས་ཁག་ལ་བསམ་ཞིབ་བྱ་དགོས་པར་མ་ཟད། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ཚོང་ལས་ལ་བར་ཆད། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། རྒྱ་ནག་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༣་གྱི་རྒྱུ་དངོས་ཡོད་པ་རྣམས་འཆོར་རྒྱུ། ད་དུང་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་མང་པོས་ཚོང་ལས་གཉེར་གྱི་ཡོད་པར་དོ་ཕོག་ཐེབས་རྒྱུ་རྣམས་ཤེས་དགོས། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུག་ཀེ་རེན་ལ་བཙན་འཛུལ་བྱས་ནས་རྒྱ་ནག་ལ་སློབ་གསོ་ཞིག་ཐོབ་པ་ནི་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་རྡོག་རྩ་གཅིག་ཏུ་བསྒྲིལ། དེང་སྐབས་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་ཅིང་། གལ་སྲིད་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་རྒྱ་ནག་ལ་ཚོང་ལས་བཀག་སྡོམ་གྱི་སྲིད་ཇུས་ལག་ལེན་བསྟར་ན་སྔར་ལས་གྱོང་གུད་ཆེ་བ་རྣམས་སྔོན་དཔག་ཐུབ་དགོས་ཞེས་གནས་ཚུལ་སྤེལ་འདུག

ཞིས་ཅིན་ཕིང་གིས་བསམ་ཞིབ་བྱ་དགོས་པའི་གནས་ཚུལ་གཞན་པ་ཞིག་ནི་དམག་འཁྲུག་གི་དུས་སུ་རྒྱ་ནག་མི་དམངས་ཀྱིས་དམར་ཤོག་སྲིད་གཞུང་དེར་གྱེན་ལོག་བྱེད་སྲིད་པ་དང་རྒྱ་ནག་ལ་དམག་འཁྲུག་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ཁག་ཐེག་བྱེད་མི་ཐུབ། ༡༩༧༩་ལོར་རྒྱ་ནག་གིས་ཝི་ཏེ་ནམ་ལ་དམག་འཁྲུག་བརྒྱབ་པའི་རྗེས་སུ་འཐབ་འཁྲུག་ལ་ཞུགས་མྱོང་མེད་པ། སྐམ་མཚོ་གནམ་གསུམ་གྱི་གཏོར་རྒོལ་འོག་ཏུ་རྒྱ་དམག་གིས་མཚོ་ལམ་སྤྱི་ལེ་གྲུ་བཞི་མ་བརྒྱ་ཕྲག་བརྒལ་ནས་ཐེ་ཝན་ལ་དཔུང་འཇུག་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན། ཡུག་ཀེ་རེན་གྱི་ས་ཐོག་ཏུ་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཇི་ལྟར་འབྱུང་གི་ཡོད་པ་རྒྱ་ནག་ལ་འབྱུང་ཤས་ཆེ། ཅིའི་ཕྱིར་ཞེ་ན་རྒྱ་ནག་གི་འཐབ་ཇུས་དང་ལྟ་གྲུབ་རྣམས་ཨུ་སུ་རུ་དང་གཅིག་པ་རེད། ༡༩༩༠་ནས་༡༩༩༡་བར་དུ་ཨ་མི་རི་ཀས་ཏ་ཟིག་མཚོ་ཁུག་ཏུ་དམག་བརྒྱབ་སྟེ་བདུན་ཕྲག་འགའ་ཞིག་གི་ནང་དུ་རྒྱལ་ཁ་ཐོབ་པ་ལྟར་རྒྱ་ནག་གིས་ཨུ་སུ་རུ་ལ་ཉིན་ཤས་ནང་དུ་རྒྱལ་ཁ་ཐོབ་སྟེ་ཡུག་ཀེ་རན་དབང་དུ་བསྡུ་ཐུབ་རྒྱུའི་ཁག་རྩིས་བརྒྱབ་འདུག ད་ལྟ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀས་རང་རང་གི་འཐབ་ཇུས་དང་ལྟ་གྲུབ། དམག་སྦྱོང་དང་མཚོན་ཆ་སོགས་ཞན་པོ་ཡིན་ངོས་ལེན་བྱ་དགོས་ཐུག་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་ཤི་ཡའི་དུས་བབ་ཚོགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཐེ་ཝན་ལ་བཙན་འཛུལ་བྱས་ན་དམག་འཁྲུག་དེ་མཚོ་འགག་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ནས་བརྒལ་ཏེ་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱས་ནས་དམག་འཁྲུག་ལ་ཞུགས། ཨོ་གླིང་ཡང་ཨ་རི་དང་ཐེ་ཝན། ཉི་ཧོང་གི་རྒྱབ་རྩར་ལངས་ཏེ་དམག་འཁྲུག་ཆེ་རུ་ཕྱིན་ནས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་ཏུ་འགྱུར་སྲིད། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཐེངས་བཞི་ལ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་བར་འགོག་བྱ་རྒྱུ་ཡིན་ཞེས་བཤད་མྱོང་ཞིང་། རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་སྐྱེལ་འདྲེན་བཀག་པ་དང་ཚོང་ལམ་བཅད། ཐེ་ཝན་གྱིས་ཉིན་༡༡་ལ་འདང་བའི་རང་བྱུང་སོལ་རླངས་མ་གཏོགས་གསོག་འཇོག་བྱེད་ཐུབ་ཀྱི་མེད་པས་དཔལ་འབྱོར་དང་ལས་ཚོང་ཉམས། མི་གྲངས་ས་ཡ་མང་པོར་འཚོ་བའི་དཀའ་ངལ་འཕྲད་རྒྱུ་བརྗོད་ཅི་དགོས། ཡིན་ནའང་ཨ་རིའི་མཚོ་དམག་གིས་རྒྱ་ནག་གི་འགོག་ར་གཏོར། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གི་བཀག་རྒྱ་ཕྱིར་འཐེན་བྱ་དགོས་བྱུང་ན་ངོ་ཚ་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་ཟླ་༡༡་པའི་ཚེས་༦་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཐེ་ཝན་ལ་ཨ་སྒོར་ས་ཡ་༨༠་ཐམ་པའི་དམག་དོན་རོགས་དངུལ་སྤྲོད་རྒྱུའི་ཁྲིམས་ཡིག་ཅིག་ལ་མཚན་རྟགས་བཀོད་འདུག ཨ་མི་རི་ཀས་རྒྱལ་ཁབ་གཞན་ལ་ཨ་སྒོར་དུང་ཕྱུར་མང་པོ་དམག་དོན་རོགས་རམ་སྤྲོད་ཀྱི་ཡོད་པར་བསྡུར་ཚེ། ཐེ་ཝན་ལ་ཨ་སྒོར་བྱེ་བ་༨་དམག་དོན་རོགས་དངུལ་སྤྲད་པ་མང་པོ་མིན་མོད། འོན་ཀྱང་ཨ་མི་རི་ཀས་རང་གི་དངུལ་སྒོར་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་སྤྲོད་ཀྱི་ཡོད་པ་དང་འདས་ལོ་༤༠་ལྷག་ལ་བྱུང་མྱོང་མེད་པ་ཞིག་རེད། ཨ་རིའི་དམག་དོན་རོགས་དངུལ་དེས་ཐེ་ཝན་ལ་རྒྱ་ནག་གི་བཙན་འཛུལ་འབྱུང་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པ་ཤེས་རྟོགས་ཐུབ་པ་ལྟར་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་པའང་མཚོན་ཐུབ། ཨ་མི་རི་ཀས་ང་ཚོ་ཐེ་ཝན་གྱི་རྒྱབ་རྩར་ལངས་ཡོད་ཅེས་རྒྱ་ནག་ལ་གོ་བརྡ་འཁྲུལ་བ་མེད་པ་ཞིག་བཏང་བ་རེད། མ་འོངས་པའི་ལོ་ལྔའི་རིང་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༠༠་ལྷག་དམག་དོན་རོགས་དངུལ་སྤྲོད་འཆར་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG