ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་བཅའ་ཁྲིམས་དང་རྒྱ་ནག་གི་ཐེ་གཏོགས།


༄༅།། ༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༡༡་ཉིན་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པས་མཚོ་གླིང་དེའི་རྒྱལ་ཡོངས་འོས་འདེམས་ཆེན་མོར་རྒྱ་ནག་གིས་ཐེ་གཏོགས་བྱ་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཐེ་ཝན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱ་ནག་སྐམ་ས་ཆེན་མོས་ཐེ་ཝན་གྱི་ཆབ་སྲིད་ལ་ཐེ་གཏོགས་བྱ་སྲིད་པ་ཉེན་ཀ་སྔོན་འགོག་གི་བཅའ་ཁྲིམས་ཤིག་གཏན་ལ་ཕབ། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་འཛིན་འོས་མི་དང་གྲོས་ཚོགས་འཐུས་མིའི་འོས་མི་ཚོར་རྒྱབ་སྐྱོར་དང་འགྲོ་གྲོན་རོགས་རམ། མི་དམངས་རྒྱབ་སྐྱོར་པ་སྐུལ་སློང་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བཅས་སུ་རྒྱབ་སྐྱོར་གྱི་དྲིལ་བསྒྲགས་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་ཕོག ད་ཐེངས་ཀྱི་འོས་འདེམས་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་དང་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་ལ་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྲིད་པའི་རྟགས་མཚན་ཡོད་རུང་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་སྔར་ལས་ཤུགས་ཆེ་རུ་འགྲོ་སྲིད། ཅིའི་ཕྱིར་ཞེ་ན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་འགོག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པ་དང་འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད་པ། རྒྱ་ནག་གཅིག་པུ་ནི་པེ་ཅིང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པའི་རྩ་དོན་ལ་ཁས་བླངས་མེད་པས་རྒྱ་ནག་གཞུང་གིས་ཐེ་ཝན་ལ་༢༠༡༦་ནས་འབྲེལ་བ་བཅད།

རྒྱ་ནག་གི་ཐེ་གཏོགས་བཀག་འགོག་ཅེས་པའི་ཐེ་ཝན་གྱི་བཅའ་ཁྲིམས་དེར་སྲིད་དོན་ཚོགས་པ་ཁག་དང་སྲིད་དོན་པ་སྒེར་པ་གང་ཞིག་གིས་ཀྱང་ཕྱིའི་རྒྱལ་ཁབ་ཀྱི་སྒྲིག་འཛུགས་ཁག་ནས་དཔལ་འབྱོར་རོགས་རམ་ལེན་མི་ཆོག་པ་དང་ཕྱིའི་སྟོབས་ཤུགས་ལ་བརྟེན་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་མི་ཆོག་པ། གསར་འགྱུར་ལོག་པ་དང་རྫུན་མ་སྤེལ་མི་ཆོག་པ། དཀྲོག་གཏམ་སྒྲོགས་མི་ཆོག ཕྱིའི་སྒྲིག་འཛུགས་ཁག་གིས་ཐེ་ཝན་གྱི་ལས་དོན་དང་འོས་འདེམས་སོགས་ལ་ཐེ་གཏོགས་བྱེད་མི་ཆོག ཕྱི་རྒྱལ་གྱི་སྒྲིག་འཛུགས་ཁག་ལ་འབྲེལ་བ་བྱས་ནས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱེད་དུ་འཇུག་གི་ཡོད་པ་རྩད་གཅོད་བྱུང་ན་མི་དེར་ཐེ་ཝན་གཞུང་གིས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་དང་ཐེ་སྒོར་༣༣༣༠༠༠་ལྷག་གི་ཆད་པ་གཅོད་དགོས་ཞེས་བཅའ་ཁྲིམས་གཏན་འབེབས་བྱས་ཤིང་། སྤྱིར་ཐེ་ཝན་གཞུང་གིས་རྒྱ་ནག་གི་ཐེ་གཏོགས་འགོག་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་ཚོགས་ལ་ཁྲིམས་གཞི་དེ་ཕུལ་ནས་ཡུན་རིང་འགོར་མོད། འོན་ཀྱང་ད་ལོ་ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་སྟེ། སྐུ་ཞབས་ཧན་གོ་ཡུའི་གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མིར་བདམས་ནས་བཟུང་། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མྱུར་དུ་ཕྱི་རྒྱལ་གྱི་སིམ་འཛུལ་བཀག་འགོག་གི་བཅའ་ཁྲིམས་གཏན་འབེབས་བྱས་ནས་རྒྱ་ནག་གཞུང་གིས་༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱ་སྲིད་པ་སྔོན་འགོག་བྱས་འདུག

ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་ཐེ་ཝན་གྱི་གྲོས་ཚོགས་སུ་རྩོད་སྡུར་བྱས་པའི་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་འཐུས་མི་ཚོས་རྒྱ་ནག་གིས་ཨོ་གླིང་རྒྱལ་ཁབ་སོགས་ཀྱི་ཆབ་སྲིད་དང་འོས་འདེམས་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པར་རྒྱལ་ཁབ་དེ་དག་གིས་འགོག་རྒོལ་ཀྱི་ཐབས་ཇུས་ཁག་ལག་ལེན་བསྟར་གྱི་འདུག དེས་ན་ཐེ་ཝན་གཞུང་གིས་ཀྱང་ངེས་པར་དུ་རྒྱ་ནག་གི་སིམ་འཛུལ་དང་རྒྱལ་ཡོངས་འོས་འདེམས་ཆེན་མོར་ཐེ་གཏོགས་བྱ་སྲིད་པའི་ཉེན་ཀ་ཡོད་པ་སྔོན་འགོག་བྱ་དགོས་ཀྱི་འདུག་ཅེས་རྩོད་པ་བརྒྱབ། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལཱེན་གྱིས་ཐེ་ཝན་གཞུང་གིས་བཅའ་ཁྲིམས་དེ་འདྲ་ཞིག་གཏན་འབེབས་བྱས་པ་ནི་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་འགོག་རྐྱེན་བརྒྱབ་པ་རེད། དགྲ་འཛིན་གྱི་བྱས་ཉེས་སྒྲུབ་མཁན་ཚོས་རང་གི་འབྲས་བུ་ངན་པ་མྱོང་དགོས། ཐེ་ཝན་པ་སྟོང་ཕྲག་མང་པོས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་པ་དང་ཆེད་ལས་གཉེར་པ། སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འཚོ་གནས་བྱེད་ཀྱི་ཡོད་པ་དེ་དག་གི་བདེ་འཇགས་ལ་གནོད་སྐྱོན་ཐེབས་ས་རེད་ཅེས་སྐྱོན་བརྗོད་བྱས་འདུག ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཐེ་ཝན་གཞུང་གིས་གོ་མིན་ཏང་སྲིད་དོན་ཚོགས་པའི་ལས་བྱེད་པ་ཟུར་པ་ཞིག་ཚུད་པའི་མི་༡༠་འཛིན་བཟུང་བྱས་པ་དང་། ཁོ་ཚོས་ཡིག་ཆ་རྫུན་བཟོ་བྱས་ནས་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་ནག་པ་རྣམས་ཐེ་ཝན་ལ་ལེན་གྱི་ཡོད་པ་དང་རྒྱ་ནག་པ་དེ་དག་གི་གྲས་སུ་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་མཁན་རྒྱ་ནག་གི་གསང་ཉུལ་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དོགས་པ་ཡོད་པ་སྟེ། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཆེ་ཁག་མང་པོ་ཞིག་གི་བདག་པོ་རྣམས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའམ། ཡང་ན་རྒྱ་ནག་གི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ཡོད་པའི་ཐེ་ཝན་གྱི་སྲིད་དོན་པ་ཚོར་འབྲེལ་བ་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་༡༩༤༩་ལོར་ཐེ་ཝན་ལ་བྲོས་བྱོལ་དུ་ཕྱིན་པའི་གོ་མིན་ཏང་གི་དམག་སྤྱི་ཁག་དང་མི་རྒན་རབས་པ་རྣམས་ཀྱི་བུ་རབས་ཚ་རྒྱུད་རྣམས་འགུགས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པའི་ཐེ་ཝན་གྱི་ཚོང་པ་ས་ཡ་༢་ལྷག་ཡོད་པ་དེ་དག་ལའང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ལངས་ཕྱོགས་འཛིན་མཁན་གོ་མིན་ཏང་གི་སྲིད་འཛིན་འོས་མི་དེར་འོས་ཤོག་འཕེན་དུ་འཇུག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ཐེ་ཝན་པ་ཚོར་འཛིན་པའི་ལག་བསྟར་སྲིད་ཇུས་དོན་ཚན་༣༠་ཡས་མས་ཤིག་བསྒྲགས། ཇུས་དེ་དག་གི་གྲས་སུ་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཐོབ་ཐང་འདྲ་མཉམ་ཡོད་པ། ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་དཔྱ་ཁྲལ་གཅོག་རྒྱུ། ཐེ་ཝན་པ་ཚོ་རྒྱ་ནག་ལ་ཡོང་ནས་ཆེད་ལས་གཉེར་པ་དང་འཚོ་གནས་བྱེད་ཆོག་པ། ཐེ་ཝན་གྱི་སློབ་ཕྲུག་ཚོ་རྒྱ་ནག་གི་སློབ་ཆེན་ཁག་ལ་ཞུགས་ཆོག་པའི་གོ་སྐབས་བསྐྲུན་ནས་མི་དམངས་ལ་ཐད་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་ཐེ་གཞུང་ཟུར་དུ་བཞག་ནས་ནུས་མེད་དུ་གཏོང་རྒྱུའི་ཐབས་ཇུས་རྣམས་གསལ་བསྒྲགས་བྱས་འདུག

གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་གྲོས་ཚོགས་སུ་རྒྱ་ནག་གི་ཐེ་གཏོགས་བཀག་འགོག་གི་ཁྲིམས་གཞི་ལ་གྲོས་བསྡུར་བྱས་པའི་སྐབས་སུ་གོ་མིན་ཏང་གི་གྲོས་ཚོགས་མི་འཐུས་མི་ཚོས་ཁྲིམས་གཞི་དེར་འོས་ཤོག་མ་འཕངས་པར་ངོ་རྒོལ་བྱས་ཀྱང་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་ཡོད་པས་ཁྲིམས་གཞི་དེ་གཏན་འབེབས་བྱ་རྒྱུ་འགོག་ཐུབ་མེད་ཅིང་། གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་གཉེར་གྱི་ཡོད་པའི་ཐེ་ཝན་པ་ས་ཡ་༢་ལྷག་ཡོད། ཐེ་ཝན་གཞུང་གིས་བཅའ་ཁྲིམས་འདི་ལག་ལེན་བསྟར་ནས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པ་དང་རྒྱ་ནག་ལ་འབྲེལ་བ་ཡོད་པའི་ཐེ་ཝན་པ་ཡོད་དོ་ཅོག་ལ་དྲང་བདེན་མིན་པའི་ནག་ཉེས་བཙུགས་ནས་ཁྲིམས་གཅོད་བྱ་སྲིད་པའི་ཉེན་ཀ་འདུག་ཅེས་རྒྱུ་མཚན་བགྲངས། སུང་ཁྲུ་ཡུས་འགོ་ཁྲིད་པའི་ཐེ་ཝན་གྱི་མི་དམངས་དང་པོ་ཚོགས་པས་ཁྲིམས་གཞི་འདི་ཟླ་བ་སྔོན་མར་དམངས་གཙོ་ཡར་ཐོན་ཚོགས་པས་གྲོས་ཚོགས་སུ་གྲོས་གཞིར་བཏོན་སོང་། ད་ལྟ་རྒྱལ་ཡོངས་གྲོས་ཚོགས་སུ་ཁྲིམས་གཞི་གཏན་འབེབས་བྱས་པ་འདིར་སྐྱོན་ཆེན་པོ་ཞིག་ཡོད་ངེས་ཡིན། ཁྲིམས་གཞི་འདིར་དུས་ཡུན་ཟླ་བ་གཅིག་ཙམ་མ་གཏོགས་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་བྱུང་མེད་པས་གྲོས་བསྡུར་ལྷུག་པོ་ཞིག་བྱུང་མ་སོང་ཞེས་དགག་པ་བརྒྱབ། ད་ལྟ་གོ་མིན་ཏང་དང་མི་དམངས་དང་པོ་ཚོགས་པ་གཉིས་ཀས་ཐེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་ལ་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་བཅའ་ཁྲིམས་འདི་འདྲ་ཞིག་གཏན་འབེབས་བྱས་པ་ཁྲིམས་མཐུན་ཡིན་མིན་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ལངས་ཕྱོགས་གསལ་པོར་བསྟན། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་རྒྱལ་ཁྲིམས་ཚུལ་བཞིན་སྲུང་བའི་ཐེ་ཝན་གྱི་སྤྱི་དམངས་ཚོར་རྒྱ་ནག་གི་ཐེ་གཏོགས་བཀག་འགོག་བཅའ་ཁྲིམས་འདིས་ནམ་ཡང་དོ་ཕོག་འགྲོ་མི་སྲིད་ཅེས་ལན་འདེབས་བྱས་འདུག

XS
SM
MD
LG