ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་དང་ཨ་རིར་གྲོས་མོལ་བྱ་ཐབས། 


ཐེ་ཝན་སྲིད་འཛིན་གྱིས་གནམ་དམག་ལ་འཚམས་གཟིགས། ༢༠༢༠།༩།༢༢
ཐེ་ཝན་སྲིད་འཛིན་གྱིས་གནམ་དམག་ལ་འཚམས་གཟིགས། ༢༠༢༠།༩།༢༢

༄༅།། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་སྦྱོང་བྱ་རྒྱུ་ཉུང་དུ་བཏང་བ་དང་ཐེ་ཝན་མཚོ་འགག་ལ་གནམ་མཚོ་གཉིས་ནས་དཔུང་འཛུལ་བྱ་རྒྱུ་ཇེ་མང་དུ་གཏོང་གི་ཡོད་པ་ནི་ཨ་མི་རི་ཀར་གྲོས་མོལ་བྱ་ཐབས་ཤིག་རེད། རྒྱ་ནག་གི་འཐབ་འཛིང་གནམ་གྲུ་དང་མདེལ་འཕེན་གནམ་གྲུ་རྣམས་ས་ཐིག་བརྒལ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་ཀྱང་དོན་དངོས་སུ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་དོན་ལས་འགུལ་སྤེལ་རྒྱུ་ཤུགས་ཆུང་དུ་བཏང་འདུག རྒྱ་ནག་ལ་གནད་དོན་ཆུང་ཆུང་ཞིག་གིས་དམག་འཁྲུག་ཆེན་པོ་ཞིག་སློང་འདོད་མེད་པས་ལོ་མཇུག་གི་ཟླ་བ་འདི་དག་གི་རིང་ལ་རྒྱ་ནག་གིས་ཐེ་ཝན་ལ་དྲག་པོའི་འཇིགས་སྐུལ་བྱ་རྒྱུ་མཚམས་འཇོག་བྱ་སྲིད་པའི་རྟགས་མཚན་འདུག་ཅེས་ཐེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ་ཡུག་ཧྲི་ཁུན་གྱིས་མི་དམངས་ལ་བློ་འཚབ་ཡོད་པ་འཇམ་ཐབས་ཀྱི་གཏམ་བཤད་ཅིག་བྱས་འདུག ཉེ་དུས་ཤིག་ནས་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་ཐེ་ཝན་མི་དམངས་ལ་རྒྱ་ནག་གིས་དམག་བརྒྱབ་སྟེ་བཙན་འཛུལ་བྱ་སྲིད་པའི་འཇིགས་སྣང་ཇེ་ཆེར་སོང་ཞིང་། ཐེ་ཝན་གྱི་དམག་གིས་ཀྱང་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུའི་དམག་སྦྱོང་དང་གྲ་སྒྲིག་ཚུལ་བཞིན་བྱེད་ཀྱི་ཡོད་པ་རེད།།

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༥་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམས་རྣམས་ནི་མངའ་ཁུལ་དེའི་རྒྱལ་ཁབ་ཁག་ལ་ཐུན་མོང་དུ་གཏོགས་པའི་ས་ཆ་ཞིག་རེད། ལྷོ་རྒྱ་ནག་རྒྱ་མཚོ་འདི་མཛའ་འབྲེལ་དང་ཞི་བདེ། རེ་བའི་འབྱུང་གནས་ཤིག་ཏུ་གྱུར་ཏེ་མཚོ་ལམ་གྱི་སྒྲིག་སྲོལ་རྣམས་སྔ་སོར་ཆུད་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཐེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ་ཡུག་ཧྲི་ཁུན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་གཏམ་བཤད་དེ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཛ་དྲག་ཆུང་དུ་གཏོང་རྒྱུའི་བརྡ་ཞིག་རེད། འདི་ནི་༢༠༡༥་དང་༢༠༡༦་སོ་སོར་ཞིས་ཅིན་ཕིང་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་པོ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་མ་འདྲ་བ་ཞིག་ཡིན་པར་མ་ཟད། ལོ་འདིའི་ཕྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་མི་རི་ཀས་རྒྱ་ནག་མི་དམངས་དང་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་ལ་འགྱུར་བ་གཏོང་དགོས་ཞེས་སྐུལ་སློང་བྱས་ནས་ལངས་མཁྲེགས་པོ་ཞིག་བཟུང་བའི་རྗེས་སུ་ཝང་དབྱིས་གཏམ་བཤད་འཇམ་པོ་ཞིག་བྱས་པ་རེད། འདི་ནི་རྒྱ་ནག་གིས་གུ་བཤངས་བྱས་པ་ཞིག་མཚོན་ཐུབ། ཨ་མི་རི་ཀས་རྒྱ་ནག་ལ་ཐད་ཀར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ཐོག་ཏུ་གྲོས་མོལ་བྱེད་ཀྱི་མེད་པས་རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱས་ནས་ཨ་མི་རི་ཀར་གྲོས་མོལ་བྱེད་ཐུབ་པའི་ཐབས་ཇུས་ཤིག་འཛིན་གྱི་འདུག་ཅེས་བཤད།།

ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་མཚོ་འོག་དམག་གྲུ་ཞིག་ཐེ་ཝན་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་སིམ་འཛུལ་བྱས་ཀྱང་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་འཕྲལ་དུ་ཤེས་རྟོགས་བྱུང་། དེ་ནས་ཐེ་ཝན་གྱིས་འཐབ་འཛིང་གནམ་གྲུ་བཏང་ནས་རྒྱ་ནག་གི་མཚོ་འོག་དམག་གྲུ་དེ་མཚོ་གླིང་དེའི་མངའ་ཁོངས་ནས་མཐར་སྐྲོད་བཏང་བ་དང་མཁའ་དབྱིངས་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཨང་གསར་བྱས་འདུག ཁ་སང་གི་དཔུང་འཛུལ་དེ་ནི་ཕྱི་ཟླ་༩་པའི་ཚེས་༡༦་ནས་རྒྱ་ནག་གིས་ཐེ་ཝན་གྱི་མངའ་ཁོངས་སུ་གནམ་མཚོ་གཉིས་ནས་དཔུང་འཛུལ་བྱས་པ་ཐེངས་༡༧་པ་དེ་ཡིན་ཞིང་། ཡུག་ཧྲི་ཁུན་གྱིས་རྒྱ་ནག་གིས་བཙན་འཛུལ་ལ་ཐེ་ཝན་གྱིས་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་ངེས་རེད། འོན་ཀྱང་པེ་ཅིང་གི་འཇིགས་སྐུལ་བྱེད་རེ་བཞིན་དུ་ཐེ་ཝན་མི་དམངས་རྣམས་འཇིགས་སྣང་བྱེད་དགོས་དོན་མེད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཀུན་ལ་རྒྱ་ནག་གི་སྤྱང་དམག་ཕྱི་འབྲེལ་མི་སྣ་ཚོས་འཐབ་འཁྲུག་སློང་གི་ཡོད་པས་ཐམས་ཅད་ཁོང་ཁྲོ་ལང་གི་ཡོད་པ་རེད་ཅེས་བཤད། ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཀྲུང་ཧྭ་མིན་གོའི་རྒྱལ་སྟོན་དུས་ཆེན་ཉིན་རྒྱ་ནག་གིས་ཐེ་ཝན་ལ་ཞི་བའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུས། རྒྱ་ནག་གིས་ཉིན་དེར་ཐེ་ཝན་མཚོ་དམག་ལ་མདེའུ་ངོ་མ་འཕངས་ནས་དམག་སྦྱོང་ཐེངས་ལྔ་བྱ་རྒྱུ་ཡིན་ཞེས་ལན་བཏབ། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ལ་སྐད་ཆ་འཇམ་པོ་བཤད་ནས་ལན་འདེབས་དྲག་པོ་བྱ་རྒྱུ་ཡིན་པ་ནི་སྲིད་དབང་གཅིག་སྡུད་ཀྱི་སྲིད་གཞུང་དེའི་ལུགས་སྲོལ་རེད། རྒྱ་ནག་ལ་ཁ་གཏད་དྲག་པོ་བཅར་ན་ཕྱིར་ལན་འཇམ་པོ་སློག་གི་ཡོད་པ་སྟེ། སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཐེ་ཝན་ལྟར་འཇིགས་སྐུལ་བྱ་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་འདུག་ཅེས་བསྟན།།

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱལ་སྟོན་དུས་ཆེན་ཉིན་གཏམ་བཤད་གནང་། ༢༠༢༠།༡༠།༡༠
སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱལ་སྟོན་དུས་ཆེན་ཉིན་གཏམ་བཤད་གནང་། ༢༠༢༠།༡༠།༡༠

སྲིད་འཛིན་ཚེ་དབྱིན་ཝེན་གྱིས་རྒྱ་ནག་གིས་ཐེ་ཝན་མི་དམངས་ཀྱི་མངོན་འདོད་ལ་མཉན་དགོས་པ་དང་བཙན་དྲག་གི་སྤྱོད་པར་འགྱུར་བ་གཏོང་དགོས། རྒྱ་ནག་གིས་ཐེ་ཝན་ལ་འབྲེལ་བ་ཡག་པོ་ཞིག་འཛུགས་ཐུབ་ན་མཚོ་འགག་ཕྱོགས་གཉིས་ཞི་འགྲིག་ཡོང་ཐུབ་པ་དང་ཞི་བའི་གྲོས་མོལ་བྱེད་ཐུབ་པ། མངའ་ཁུལ་དེའི་ཛ་དྲག་རྣམས་ཞི་འཇམ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྒྲགས། རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་གིས་མཚོ་འགག་ཕྱོགས་གཉིས་ཀྱིས་གྲོས་མོལ་གཅིག་ཀྱང་མ་བྱས་སྔོན་དེར་ཚེ་དབྱིན་ཝེན་གྱིས་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་གྲོས་མཐུན་བྱུང་བར་རྩ་འཛིན་བྱ་དགོས་ཞེས་དགོས་འདུན་བཏོན། ༢༠༡༦་ལོར་ཚེ་དབྱིན་ཝེན་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་། རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་དང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གི་ཕྱོགས་སུ་འགུགས་ཐབས། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་རེའུ་མིག་ནང་དུ་ཐེ་ཝན་ཞེས་རྒྱལ་ཁབ་ཅིག་གི་གནས་བབ་ལྟར་བཀོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་འགོད་དགོས་པའི་བཙན་བཀའ་བཏང་བ། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ཞེས་པའི་མིང་འདི་སྣུབ་ཐབས་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟརའགོ་ཚུགས། ཡིན་ནའང་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཐེ་ཝན་གཞུང་གིས་ནད་ཡམས་དེར་སྔོན་འགོག་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མིག་དཔེར་འོས་པའི་གྲུབ་འབྲས་ཤིག་ཐོན་པས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་མཚན་མཐོང་ཇེ་ཆེར་སོང་། ད་དུང་ཨ་མི་རི་ཀ་དང་ཆེཀ་སྤྱི་མཐུན་རྒྱལ་ཁབ། ཉི་ཧོང་སོགས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཁག་ཐེ་ཝན་ལ་འཚམས་འདྲིར་ཕེབས། རྒྱལ་ཁབ་ཁག་གི་འགོ་ཁྲིད་ཟུར་པ་དང་གནད་ཡོད་མི་སྣ་ཁག་ཐེ་ཝན་གྱི་སྲིད་འཛིན་དམ་པ་ལི་ཏིང་ཧུའི་མྱ་ངན་ཚོགས་འདུར་ཞུགས་ནས་ཐེ་ཝན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་བ་ཆེ་རུ་སོང་འདུག

ཨ་མི་རི་ཀ་དང་ཉི་ཧོང་སོགས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་འབྲེལ་བ་ཅི་ཙམ་མང་དུ་བཏང་ན་རྒྱ་ནག་ལ་དེ་ཙམ་གྱིས་ཐེ་ཝན་རང་བཙན་རྒྱལ་ཁབ་ཅིག་ལ་འགྱུར་གྱི་ཡོད་པའི་འཇིགས་སྣང་སྐྱེས། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱ་རྒྱུ་དང་ཐེ་ཝན་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡༣་ནས་ཚེས་༡༧་བར་དུ་རྒྱ་ནག་གིས་ཧྥུ་ཅན་ཞིང་ཆེན་གྱི་ཀྲང་ཀྲུག་ས་གནས་སུ་རྒྱ་མི་དམངས་བཅིངས་འགྲོལ་དམག་གིས་ཧྥུ་ཅན་ཤར་ཕྱོགས་ཀྱི་གུ་ལེ་གླིང་ཟུར་ལ་མདེའུ་ངོ་མ་འཕངས་ནས་དམག་སྦྱོང་བྱ་རྒྱུ་ཡིན། དམག་སྦྱོང་གི་རིང་དེར་ཧོང་ཡུག་དང་ཧེང་ཡུག ལིའུ་ཨའོ། ཏ་ཅན་ཧྲན། ཧྲ་ཀྲུག་བཅས་ཀྱི་ལྷོ་ཕྱོགས་ལ་སྤྱི་ལེ་༡༠་ཐམ་པ་དང་ཤར་ཕྱོགས་ལ་སྤྱི་ལི་༡༢་གྱི་རྒྱ་ཁྱོན་ནང་དུ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་པ་ཡིན། དེ་རིང་གཟའ་ཟླ་བ་ནས་མངའ་ཁུལ་དེར་དམག་དོན་མིན་པའི་འགྲིམ་འགྲུལ་དང་སྐྱེལ་འདྲེན་སོགས་མཚམས་འཇོག་བྱ་དགོས་ཞེས་བརྡ་བཏང་འདུག ཞིས་ཅིན་ཕིང་གིས་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས། ཐེ་ཝན་གཞུང་གིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་གཏོགས་དགོས་པ་དེར་ཁས་ལེན་བྱ་དགོས་ཞེས་དགོས་འདུན་བཏོན། ཚེ་དབྱིན་ཝེན་གྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པ་དེར་ཁས་ལེན་མེད། རྒྱལ་ཁབ་ཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་མི་ཐུབ། ཐེ་ཝན་ལ་རྒྱལ་སྤྱིའི་ཐོག་ཏུ་གནས་བབ་ཅིག་ཡོད་པའི་དངོས་དོན་ལ་རྒྱ་ནག་གིས་ཁས་ལེན་བྱ་དགོས་ཞེས་ལངས་ཕྱོགས་གསལ་པོར་བསྟན། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བའི་རྗེས་སུ་མཚོ་འགག་ཕྱོགས་གཉིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ་རུ་སོང་ཡོད་པ་རེད།།

XS
SM
MD
LG