ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀྲའོ་མའེ་ཤིང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་བློ་འཚབ་ཡོད་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཀྲའོ་མེ་ཤིང་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་སྟེ་གསུངས་པ་ལྟར་ན། ཤིང་ཅང་དང་བོད། ཧོང་ཀོང་གི་འགྲོ་བའི་མིའི་ཐོབ་ཐང་རྩ་དོན་ལ་ཨ་རིའི་གྲོས་ཚོགས་འོག་མས་ལངས་ཕྱོགས་བརྟན་པོ་བཟུང་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གཏམ་བརྗོད་རང་དབང་ལ་དམ་དྲག་དང་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག

ཀྲའོ་མེ་ཤིང་ནི་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་པ་བུད་མེད་འཐུས་མི་དང་པོ་ཡིན་པར་མ་ཟད། ཁོ་མོ་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཨེ་ཤི་ཡ་རིགས་རྒྱུད་ལྷན་ཚོགས་ཀྱི་འགན་འཛིན་ཡང་ཡིན་ཞིང་། ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཟླ་བ་གཅིག་ཀྱང་མེད་པའི་སྐབས་འདིར་ཁོ་མོས་ཨེ་ཤི་ཡའི་རིགས་སུ་གཏོགས་པའི་་མི་རྣམས་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་གི་ཁོངས་སུ་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན་ནས་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་ཀྱི་འདུག ཨ་མི་རི་ཀར་ཨེ་ཤེ་ཡ་རིགས་རྒྱུད་གྲས་སུ་རྒྱ་མི་རིགས་ནི་མི་འབོར་མང་ཤོས་དང་ནུས་སྟོབས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་པ་སྟེ། མི་འབོར་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཁོ་ཚོ་ཨ་རིའི་ཆབ་སྲིད་ལ་ཞུགས་པར་དཀལ་ངལ་འགའ་ཤས་འཕྲད་གི་ཡོད་པ་རེད། དཔེར་ན་འོས་འདེམས་སྐོར་གྱི་རྩ་འཛུགས་དང་སྒྲོམ་གཞི་ཡག་པོ་མེད་པ། གཉིས་པ་ནི་ཁོ་ཚོ་ནམ་ཡང་ལུས་སེམས་གཉིས་ཀ་ཨ་རི་བ་ཚོ་དང་གཅིག་མཚུངས་སུ་འགྱུར་མི་ཐུབ་པའམ། ཡང་ན་སོ་སོ་རྒྱ་མི་ཞིག་ཡིན་པའི་ངོས་འཛིན་དེ་འདོར་ཐུབ་ཀྱི་མི་འདུག་ཅེས་གསུངས་འདུག

ཁོ་མོས་ཏོག་དབྱིབས་ནད་དུག་འགོག་སྲུང་སྐོར་ལ་འཛམ་གླིང་ཁྱོན་ཡོངས་སུ་མཉམ་འབྲེལ་དང་ནུས་པ་གཅིག་སྒྲིལ་གྱིས་ནད་དུག་འགོག་སྲུང་བྱ་རྒྱུ་སླར་གསོ་བྱ་དགོས། སྲིད་འཛིན་ཊམ་གྱིས་ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱ་དགོས་བསམ་གྱི་ཡོད་ཀྱང་རྒྱལ་སྤྱིའི་མཉམ་འབྲེལ་ནི་ཐེངས་འདིའི་ནད་དུག་འགོག་སྲུང་གི་ཐབས་ལམ་ཡག་ཤོས་དེ་ལ་ངོས་འཛིན་བྱེད་གི་ཡོད་ཅེས་བརྗོད་འདུག

དེང་སང་སྲིད་འཛིན་ཊམ་གྱིས་ཨ་རི་བ་ཚོས་ཨུ་རུ་སུ་ལ་དོ་སྣང་ཆུང་དུ་གཏོང་ཐབས་སུ་ཁ་གཏད་གཅོག་ས་གཙོ་བོ་རྒྱ་ནག་རེད་ཅེས་ནན་བརྗོད་གནང་གི་ཡོད་རེད། ཡིན་ན་ཡང་དོན་དམ་དུ་ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་སྲིད་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་རེད། ཨ་རྒྱ་གཉིས་ཚོང་དོན་དང་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་ལ་འགལ་ཟླ་ཡོད་པ་བདེན་པ་རེད། ཡིན་ན་ཡང་སྲིད་འཛིན་ཊམ་གྱིས་རྟག་ཏུ་རྒྱ་ནག་གི་འགྲན་སློང་དེ་ལ་ནན་བརྗོད་གནང་ནས་མི་རྣམས་ཀྱིས་ཨུ་རུ་སུའི་ཤུགས་རྐྱེན་ལ་དེ་ཙམ་དོ་སྣང་སླེབས་མི་ཐུབ་པ་བཟོ་ཡི་འདུག མི་མང་པོ་ཞིག་གིས་ཨ་རིའི་སྤྱི་མཐུན་ཚོགས་པས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པ་དང་དམངས་གཙོ་ཚོགས་པས་ལངས་ཕྱོགས་དེ་ཙམ་མཁྲེགས་པོ་འཛིན་གྱི་མེད་པ་འདྲ་བོ་ཞིག་མཐོང་གི་ཡོད་ཀྱང་དོན་དངོས་སུ་དམངས་གཙོ་ཚོགས་པས་འདས་པའི་གཟའ་འཁོར་གཅིག་གི་ནང་དུ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་དམིགས་ནས་ཁྲིམས་གཞི་ཞིག་བཏོན་ཡོད། དེ་བཞིན་ཧོང་ཀོང་གི་རང་སྐྱོང་དང་རང་དབང་ལ་སྲུང་སྐྱོབ་ཀྱི་ཁྲིམས་གཞི་འགའ་ཤས་གཏན་འབེབས་བྱས་ཡོད་ཅིང་། ཞིན་ཅང་ནས་ནང་འདྲེན་བྱེད་པའི་ཚོང་རྫས་ལ་བཀག་སྡོམ་བྱེད་གི་ཡོད་པ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀ་ཐུན་མོང་གིས་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་བརྗོད་འདུག

གཞན་ཡང་ཀྲའོ་མེ་ཤིང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་བློ་འཚམ་ཆེན་པོ་ཡོད། ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་ཡོད་པ་དང་། ཁོ་མོ་རྒྱ་གར་དུ་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཏེ་བོད་པ་འགའ་ཤས་ཤིག་ལ་བགྲོ་གླེང་བྱས་པ་བརྒྱུད་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྒྱུས་ལེན་བྱུང་སོང་ཞེས་བཤད་འདུག གལ་སྲིད་རྒྱ་ནག་དམར་ཤོག་སྲིད་གཞུང་གི་འདོད་བློ་ལྟར་མ་བྱས་ན་དེ་སྔོན་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་དུས་ནད་དུག་སྐོར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱེད་མཁན་སྨན་པ་དེ་ཇི་བཞིན་འདྲི་རྩད་བྱ་རྒྱུ་ཡིན་ཞིང་། ཐ་ན་བཙོན་འཇུག་བྱ་སྲིད། སྨན་པ་དེས་རྒྱ་ནག་མི་དམངས་ལ་ནད་དུག་དེའི་ཉེན་ཁ་ཆེ་བའི་རང་བཞིན་ཐེར་འདོན་བྱས་པ་ཙམ་རེད། ཡིན་ནའང་རྒྱ་ནག་སྲིད་གཞུང་གིས་བྱེད་སྟངས་ནི་དངོས་གནས་ཧང་སངས་དགོས་པ་དང་བློ་ཕམ་ཆེན་པོ་སྐྱེས་བཅུག་སོང་ཞེས་བརྗོད་འདུག

མཐར་དོན་དུ་ཀྲའོ་མེ་ཤིང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་བརྗོད་དོན་ལྟར་ན། ཨ་རི་དང་རྒྱ་ནག་མི་དམངས་གཉིས་ཀྱི་འབྲེལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། རྒྱ་ནག་མི་དམངས་དང་རྒྱ་ནག་སྲིད་གཞུང་གཉིས་ནི་ཐ་དད་རེད། ཁོ་མོས་བསམ་ན་རྒྱ་ནག་མི་དམངས་ལའང་སྨྲ་བརྗོད་རང་དབང་དང་འགྲོ་འདུག་རང་དབང་། འཚོ་གནས་རང་དབང་དགོས་པའི་རེ་བ་འཆང་གི་ཡོད། མི་ཚང་མ་འདྲ་མཉམ་དང་དྲང་བདེན་གྱི་འཚོ་བར་རོལ་ཐུབ་པའི་འདོད་བློ་ཡོད་པ་གཏན་ཁེལ་རེད། དེས་ན་ང་ཚོས་མི་དེ་དག་ལ་རྒྱབ་སྐྱོར་བྱ་དགོས། ང་ཚོས་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་སྐོར་དང་ཧོང་ཀོང་རང་སྐྱོང་གི་ཐོབ་ཐང་གི་གནད་དོན་སྐོར་ལ་བཏོན་པའི་ཁྲིམས་གཞི་ཁག་ལ་རྒྱབ་སྐྱོར་དང་གྲོས་འཆམ་བྱུང་བའི་གལ་ཆེ་རང་བཞིན་ཡང་དེ་ལ་ཐུག་ཡོད་ཅེས་བརྗོད་འདུག

XS
SM
MD
LG