ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༨/༡༣

ལ་དྭགས་ཁུལ་དུ་རྒྱུན་འཁྱོངས་ཐུབ་པའི་ཡུལ་སྐོར་སྒོ་འབྱེད། 


༄༅།། ལ་དྭགས་ནི་རི་མཐོན་པོ་དང་ལ་གཟར་པོ། གནམ་གཤིས་གྲང་མོ་དང་བྱེ་ཐང་སོགས་ཀྱིས་ཡོངས་སུ་སྐོར་བའི་ས་ཁུལ་ཞིག་ཡིན་ཞིང་། ས་གནས་དེར་ངུར་སྨྲིག་གི་ཆོས་གོས་བཀླུབས་ཏེ་ལག་ཏུ་ཕྲེང་བ། གསེར་ཟངས་ཀྱིས་བརྒྱན་པའི་མ་ཎི་ལག་སྐོར་ཐོགས་ཏེ་འཇིག་རྟེན་གྱི་བྱ་བར་ངེས་འབྱུང་སྐྱེས། སེམས་ཀྱི་ཞི་བདེ་དང་ཐར་པའི་གོ་འཕང་དོན་དུ་གཉེར་བའི་ལ་དྭགས་པ་སེར་སྐྱ་མི་མང་རྣམས་འཚོ་གནས་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག ཕྱི་ཟླ་༧་པའི་ཚེས་༣༠་ཉིན་རྒྱ་གར་གྱི་ཨེ་ཤི་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལ་དྭགས་ས་གནས་གཞུང་གིས་ནུབ་ར་དང་སེ་ཆིན་འཁྱག་རོམ་ས་ཁུལ་གཉིས་རིམ་གྱིས་ཕྱི་ལ་སྒོ་མོ་དབྱེ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པར་རྒྱ་གར་དབུས་གཞུང་གིས་མོས་མཐུན་དང་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན། ལ་དྭགས་ཀྱི་ཤར་ཕྱོགས་སུ་ཨག་སེ་ཆིན་དང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་བོད་རང་སྐྱོང་ལྗོངས། ལ་དྭགས་ཀྱི་ནུབ་ཕྱོགས་སུ་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཇམ་མུ་ཀསྨིར་དང་པ་ཀི་སི་ཐན་གྱི་བཙན་བཟུང་འོག་ཏུ་ཚུད་པའི་གྷིལ་ཇཱི་ཏ་བྷོལ་ཊི་སི་ཐན། ལ་དྭགས་ཀྱི་ལྷོ་ཕྱོགས་སུ་ཧི་མ་ཅལ་མངའ་སྡེ་དང་བྱང་ཕྱོགས་སུ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་ཞིན་ཅང་། ཀ་ར་ཀོ་རོམ་ས་གནས་བཅས་ཆགས་ཡོད་ཅིང་། ལ་དྭགས་ཀྱི་མཐའ་མཚམས་འབྲོག་པ་རྣམས་ནི་ཨ་ལིཀ་ཛན་ཌར་གྱི་དམག་དཔུང་ལས་མཆེད་པའི་རིགས་རྒྱུད་ཡིན་པའི་བཤད་སྲོལ་ཞིག་ཡོད་པ་ལྟར་དེ་དག་ཐམས་ཅད་མིག་སྔོན་པོ་དང་ཤ་མདོག་དཀར་པོ། སྐྲ་སེར་པོ་དང་ཁ་མིག་རགས་མོ་བཅས་ཡུ་རོབ་པའི་ཁྱད་ཆོས་ཡོངས་སུ་ཐོན།།

ལ་དྭགས་ཀྱི་འབྲོག་པ་ཚོས་མཐོ་སྒང་གི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་འཚོ་སྐྱོང་གི་འབྲོག་ལས་གཉེར། ཁོ་ཚོས་ནས་དང་བྲ་བོ། ལྡུམ་སྒོང་དང་ཁམ་བུ་སོགས་བཏབ་ནས་ཞིང་ལས་གཉེར་ཏེ་རོང་འབྲོག་གཉིས་ཀྱི་འཚོ་བར་རོལ། ལ་དྭགས་ཀྱི་འབྲོག་པ་རྣམས་ནང་པ་ཡིན་རུང་ཡུལ་ལྷ་གཞི་བདག་དང་རི་ལྷ་ཆུ་ལྷ། ས་ལྷ་སོགས་ལྷ་རིགས་སྣ་ཚོགས་ཤིག་ལ་ཕྱག་མཆོད་བྱེད་པའི་སྲོལ་ཞིག་དར། དུས་རབས་སྔོན་མའི་ལོ་རབས་༩༠་པ་བར་དུ་ལ་དྭགས་ཀྱི་མཐའ་མཚམས་ཁག་གི་འབྲོག་པ་རྣམས་རང་རང་གི་གྲོང་གསེབ་ཁག་ནས་ཕྱི་ལ་ཐོན་མྱོང་མེད་མོད། དེང་སང་ལ་དྭགས་ཀྱི་འབྲོག་པ་ཚོ་གྲོང་རྡལ་ཁག་ཏུ་གཞིས་ཆགས་ཏེ་ཤེས་ཡོན་སློབ་སྦྱོང་དང་ལས་ཀ་གསར་པའི་གོ་སྐབས་འཚོལ་གྱི་ཡོད་པར་མ་ཟད། ༡༩༩༩་ལོར་ལངས་པའི་མཁར་དཀྱིལ་གྱི་དམག་འཁྲུག་སྐབས་སུ་ལ་དྭགས་ཀྱི་འབྲོག་པ་ཚོས་རྒྱ་གར་གྱི་དམག་ལ་གནས་ཚང་གཡར་ནས་མཐུན་རྐྱེན་མཁོ་སྦྱོར། མཁར་དཀྱིལ་གྱི་དམག་འཁྲུག་ལ་མཁོ་བའི་ཡོ་བྱད་རྣམས་སྐྱེལ་འདྲེན་དང་རྒྱ་གར་གྱི་དམག་ལ་ལམ་ཁྲིད་བྱས་ནས་པ་ཀི་སི་ཐན་ལ་འཐབ་རྒོལ་བྱེད་པའི་དམག་འཁྲུག་ལ་ཞུགས། ལ་དྭགས་ཀྱི་འབྲོག་པ་རྒན་པོ་དཀོན་མཆོག་ཟེར་བ་ཞིག་གིས་མཁར་དཀྱིལ་གྱི་དམག་འཁྲུག་དུས་སུ་འབྲོག་པའི་སྐྱེས་པ་ཚོ་ཟླ་བ་༦་ལ་རང་ཁྱིམ་དུ་ལོག་ཡོད་པ་མ་རེད་ཅེས་བཀྲལ། ད་ལྟ་ལ་དྭགས་ཀྱི་མཐའ་མཚམས་འབྲོག་པའི་མི་འབོར་ནི་མི་གྲངས་༢༠༠༠་ཡས་མས་ཤིག་ལས་མེད་ཀྱང་སྐྱེས་པ་གཅིག་གིས་ཆུང་མ་མང་བསྟེན་གྱི་ལམ་སྲོལ་རྒྱུན་འཛིན་བྱས་ནས་ཚོ་ཤོག་གི་ཕྱི་ལོགས་ཀྱི་མི་ལ་གཉེན་མི་སྡེབ། ཡུ་རོབ་པ་ཚོས་རང་གི་རིགས་རྒྱུད་ལས་མཆེད་པའི་ལ་དྭགས་ཀྱི་མཐའ་མཚམས་འབྲོག་པ་ཚོར་དོ་སྣང་། ལྷག་པར་དུ་འཇར་མན་པའི་བུད་མེད་ཁག་ཅིག་གིས་ལ་དྭགས་ཀྱི་འབྲོག་པའི་ཁྱོ་ག་བསྟེན་ནས་ཨརྱི་འམ། ཡང་ན་འཕགས་པའི་རིགས་ཀྱི་ཕྲུ་གུ་གཙང་མ་ཞིག་སྐྱེ་ཐབས་ཡོད་མེད་བརྟག་དཔྱད་བྱེད་པར་ལ་དྭགས་སུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་གྱུར་པའི་རྗེས་སུ་འབྲོག་པ་ཚོས་མགྲོན་ཁང་དང་ཟ་ཁང་། འཕྲུལ་རྟ་གླ་ཁང་དང་གུར་ཁང་གི་སྒར་ས་ཁག་གསར་དུ་སྒོ་ཕྱེ་ནས་ཚོང་ལས་གཉེར་རྒྱུ་འགོ་ཚུགས། ལ་དྭགས་ཀྱི་ས་གནས་ཡོངས་སུ་འཛུགས་སྐྲུན་ནི་མགྱོགས་མྱུར་ངང་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་པས་ཡུལ་སྐོར་སྤྲོ་འཆམ་པ་ཇེ་མང་དང་དེའི་ཞོར་དུ་འགྱིག་ཤོག་སོགས་ཀྱི་གད་སྙིགས་མང་དྲགས་པའི་དཀའ་ངལ་ཇེ་ཆེ། ད་ལོའི་ཕྱི་ཟླ་༧་པའི་ཚེས་༡༡་ཉིན་ལ་དྭགས་ཀྱི་རི་ཁུལ་འཛུགས་སྐྲུན་ལྷན་ཁང་དང་དབུས་རྒྱ་ལམ་འཛུགས་སྐྲུན་ཉམས་ཞིབ་ཁང་གཉིས་ཀྱིས་འགྱིག་ཤོག་སོགས་ཀྱི་གད་སྙིགས་ཉུང་འཕྲི་བྱ་རྒྱུ། ལ་དྭགས་ལ་རྒྱུན་འཁྱོངས་ཐུབ་པའི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་སྒོ་དབྱེ་བྱ་རྒྱུའི་འཆར་འགོད་བྱས་འདུག ལ་དྭགས་ཀྱི་ཚོ་ཤོག་ཁག་དང་སྲོལ་རྒྱུན་གྱི་བྲོ་གར། གཏམ་རྒྱུད་དང་ས་གནས་ཀྱི་མདའ་རྩེད། དགོན་སྡེ་ཁག་གི་གར་འཆམ་དང་ཐང་གའི་འབྲི་རྒྱུན། བོད་ཇ་དང་ནས་ཆང་སོགས་ནི་རྒྱ་གར་ཕྱི་ནང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ལྟད་མོར་ལྟ་བ་དང་ལོངས་སུ་སྤྱོད་བྱ་གཙོ་བོ་ཞིག་ཏུ་གྱུར། ལོ་ལྟར་ཕྱི་ཟླ་༩་པའི་ནང་དུ་ལ་དྭགས་ཀྱི་དུས་སྟོན་ཚུགས་ནས་མི་ཚོགས་འདུས། ད་ལོའི་ཕྱི་ཟླ་༥་པར་ལ་དྭགས་ཀྱི་རྒྱལ་ས་གླེ་གྲོང་ཁྱེར་དུ་ཉི་མ་གསུམ་ལ་རྒྱལ་སྤྱིའི་རོལ་དབྱངས་དུས་སྟོན་ཚོགས། དུས་སྟོན་དེར་ལ་དྭགས་དང་རྒྱ་གར་རྒྱལ་ཡོངས་ཀྱི་རོལ་དབྱངས་ཚོགས་པ་མང་དག་ཅིག་ཞུགས། ལ་དྭགས་རྒྱ་གར་གྱི་དབུས་ཐད་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་པའི་རྗེས་སུ་ཕྱོགས་གང་ཐད་དུ་ཡར་རྒྱས་གཏོང་ཐུབ་པའི་གོ་སྐབས་ཐོབ།།

ཕྱི་ཟླ་༧་པའི་ཚེས་༣༠་ཉིན་རྒྱ་གར་གྱི་གསར་འགྱུར་བཅོ་བརྒྱད་པ་ཞེས་པའི་གསར་ཁང་གིས་ལ་དྭགས་ནི་མཐའ་འཁོབ་ཏུ་ཆགས་ཀྱང་ཡུལ་ལྗོངས་ཤིན་ཏུ་མཛེས། ཡུལ་སྐོར་སྤྲོ་འཆམ་པ་དང་འཕྲུལ་རྟ་བཞོན་ནས་རྒྱང་སྐྱོད་བྱེད་མཁན་ཚོས་ཧ་ཅང་གི་དགའ་མོས་བྱ་ཡུལ་ཞིག་རེད། ལ་དྭགས་ནི་རིག་གཞུང་ཕྱུག་པོ་དང་བོད་བརྒྱུད་ནང་བསྟན་གྱི་ཐེག་པ་ཆེན་པོའི་སྲོལ་རྒྱུན་ལས་བྱུང་བའི་དུས་སྟོན་ཁག་ལོ་ཁོར་མོ་ཡུག་ཏུ་རྒྱུན་ཆད་མེད་པར་བརྩི་སྲུང་བྱ་རྒྱུ་འདུག རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ལ་དྭགས་སུ་བསྐྱོད་ན་འགྲོ་གྲོན་ཡང་ཆེན་པོ་མ་རེད། གལ་སྲིད་མི་ཞིག་ལ་དྭགས་ལ་ལྟ་སྐོར་དུ་བསྐྱོད་ན་ངེས་པར་དུ་གཤམ་འཁོད་ས་གནས་ཁག་ལ་ལྟ་སྐོར་བྱ་དགོས། ས་གནས་དེ་དག་ནི་མཁར་གདོང་ལ་དང་ནུབ་ར་ལུང་གཤོངས། ཧེ་མིས་དགོན་པའི་དུས་སྟོན་དང་ཁབ་ལེན་རི་བཅས་ཡིན་ཞིང་། ད་དུང་འགྲུལ་པ་ཚོས་ས་གནས་ཀྱི་ཟས་རིགས་དང་ལ་དྭགས་པའི་ནས་ཆང་གི་བྲོ་བཅུད་ཅིས་ཀྱང་མྱོང་དགོས། མཁར་གདོང་ལ་ནས་ནུབ་རའི་ལུང་གཤོངས་ལ་ཐུག་པ་དང་ལུང་གཤོངས་དེར་ཤི་ལོག་ཆུ་བོ་དང་ནུབ་རའི་ཆུ་བོ་གཉིས་རྒྱུག ཆུ་འགྲམ་དུ་ལ་དྭགས་ཀྱི་ངོ་མཚར་ཆེ་བའི་དགོན་པ་ཁག་ཅིག་ཆགས་འདུག ཧེ་མེས་དགོན་པའི་གར་འཆམ་ལ་སྐད་གྲགས་ཆེ་བ་དང་གླེ་ནས་མཁར་དཀྱིལ་དུ་སྐྱོད་པའི་རྒྱ་ལམ་དེ་ཁབ་ལེན་རི་བརྒྱུད་ནས་འགྲོ་དགོས་པས་ཁབ་ལེན་གྱི་ནུས་པས་རླངས་འཁོར་གྱེན་དུ་འཐེན་པའི་ངར་ཤུགས་ཆེ་ཞེས་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མཁོ་བའི་གནས་ཚུལ་ཁག་ཅིག་རྒྱུས་སྟོན་བྱས་འདུག

XS
SM
MD
LG