ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༨/༡༨

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པི་ལོ་སི་ཐེ་ཝན་དུཕེབས་འབྱོར། 


རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་ པེ་ལོ་སི་ཐེ་ཝན་ལ་འཚམས་གཟིགས་ཆེད་ཕེབས་འབྱོར་གནང་འདུག་པ་དང་། དེ་ནི་ལོ་ངོ་ ༢༥ རྗེས་ཨ་རིའི་མཐོ་རིམ་ཆབ་སྲིད་དབུ་ཁྲིད་གཅིག་ཐེ་ཝན་ལ་འཚམས་གཟིགས་གནང་མཁན་དང་པོ་ཡིན་པ་མ་ཟད། རྒྱ་ནག་གིས་སྡིག་བསྐུལ་སྣ་ཚོགས་བྱས་པར་ལྟོས་མེད་ཀྱིས་ཐེ་ཝན་དུ་ཕེབས་པ་རེད།

ལྕམ་ནན་སི་པེ་ལོ་སི་དང་ཁོང་གི་ལྷན་དུ་ཕེབས་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཨ་རིའི་མཁའ་དམག་དཔུང་སྡེའི་གནམ་གྲུའི་ནང་ཐེ་པེ་གནམ་ཐང་དུ་ཕེབས་འབྱོར་ཟིན་རྗེས་བཞུགས་གནས་མགྲོན་ཁང་དུ་ཕེབས་མཚམས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་དང་ཐེ་ཝན་ནང་གཏན་སྡོད་ཨ་རིའི་སྐུ་ཚབ་བཅས་ཀྱིས་ཕེབས་བསུ་ཞུས་ཤིང་། མགྲོན་ཁང་གི་ཕྱིར་དགའ་བསུ་ཕྲེད་དར་སོགས་འཁྱེར་བའི་མི་མང་སྟོང་ཚོས་ཕེབས་བསུ་ཞུས་འདུག་པ་དང་། རེས་གཟའ་ཟླ་བའི་ཉིན་ནས་ཐེ་ཝན་གྱི་ཁང་རྩེག་མཐོ་ཤོས་དེར་ལྕན་ནན་སི་པི་ལོ་སི་ཐེ་ཝན་ལ་ཕེབས་པར་དགའ་བསུ་ཞུ་ཞེས་པའི་ཡིག་ཆེན་བཀོད་དེ་དགའ་བསུ་ཞུས་འདུག

ཐེ་ཝན་དུ་ཕེབས་འབྱོར་གནང་རྗེས་ལྕམ་ནན་སི་པེ་ལོ་སིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཁོང་དང་ཁོང་གི་ལྷན་དུ་ཕེབས་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཐེ་ཝན་ལ་ཕེབས་དོན་ནི་ཐེ་ཝན་གྱི་མང་གཙོ་ལ་ཨ་རིས་འགྱུར་བ་མེད་པའི་ཆོད་སེམས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེར་ཆེས་མཐོང་དང་གུས་རྩིས་ཆེད་ཡིན་པ་མ་ཟད། འཛམ་གླིང་ནང་གཅིག་སྡུད་རིང་ལུགས་དང་མང་གཙོ་གཉིས་འདེམས་རྒྱུར་གདོང་ལེན་བྱེད་དགོས་པའི་དུས་ཚོད་འདིར་ཐེ་ཝན་གྱི་མི་མང་ས་ཡ་ ༢༣ ལ་ཨ་རིའི་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་དེ་བས་ཀྱང་གལ་ཆེ་རུ་སོང་ཡོད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་འཚམས་གཟིགས་ཆེད་ཕེབས་ཡོད་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རེས་གཟའ་མིག་དམར་ཉིན་བརྗོད་དོན་ལ། ཨ་རིའི་ཆབ་སྲིད་མི་སྣ་ཚོས་ཐེ་ཝན་གྱི་གནད་དོན་ཐོག་མེ་དང་འཐབ་པ་དེ་མཐའ་མ་གྲུབ་འབྲས་བཟང་པོ་གང་ཡང་ཡོང་གི་མ་རེད་ཅེས་བཤད་འདུག

རེས་གཟའ་ལྷག་པའི་ཉིན་ཚོགས་གཙོ་པེ་ལོ་སིས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། གནས་ཚུལ་བྱུང་ཁུངས་གཞན་གྱིས་བརྗོད་དོན་ལ་གཞིགས་ན་རེས་གཟའ་ལྷག་པའི་ཕྱི་དྲོ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱེད་མཁན་ཐེ་ཝན་གྱི་ལས་འགུལ་བ་ཁག་གཅིག་དང་ཟུར་དུ་མཇལ་རྒྱུའི་མཛད་འཆར་ཡོད་རེད་ཅེས་བཤད་འདུག

ལྕམ་ནན་སི་པེ་ལོ་སི་ནི་རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་ཐེ་ཝན་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་ལ་རྒྱབ་སྐྱོར་གནང་མཁན་གཙོ་བོ་གཅིག་ཡིན་པ་རེད།།

XS
SM
MD
LG