ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

རྒྱ་ནག་ཏུ་བག་མའི་ནུ་རིན་མཐོ་བས་གྲོང་གསེབ་པ་ཚོས་གཉེན་སྒྲིག་མི་ཐུབ། 


༄༅།། རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་བྱེད་ཀྱི་མེད་པ་དང་བག་མའི་ནུ་རིན་མཐོ་བ། གྲོང་གསེབ་ཁག་གི་སྐྱེས་པ་དབུལ་ཕོངས་ཚོས་བག་མ་ལེན་མ་ཐུབ་པར་ཉི་མ་གཅིག་ལ་བག་མ་ཞིག་གླས་ནས་གཉེན་སྒྲིག་རྫུན་མའི་ཆོ་ག་བསྒྲུབས་ཏེ་ཡབ་མེས་ཚོར་དུར་མཆོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༡༨་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཚེས་༧་ཉིན་རྒྱ་ནག་གི་གྲོང་གསེབ་ཅིག་གི་ཁྱིམ་ཚང་ཞིག་ཏུ་གཉེན་སྟོན་ཚོགས། ཕོ་མོ་ཟུང་གིས་གཉེན་སྒྲིག་གི་ཆས་གོས་གྱོན། ཁྱིམ་ཚང་དེའི་ཕྱི་ནང་གཉིས་སུ་བག་སྟོན་གྱི་མཛེས་རྒྱན་སྤྲས། སྐུ་མགྲོན་ཚོར་ཤ་ཆང་སོགས་བཟའ་བཏུང་དྲངས། གཉེན་སྟོན་གྱི་གཙོ་སྐྱོང་བས་ང་ཚོས་དེ་རིང་འཇིག་རྟེན་མཐུན་འཇུག་གི་ལས་སུ་ཞུགས་པའི་ཁྱོ་ཤུག་ཟུང་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱེད་གཉིས་མི་ཚེ་ཧྲིལ་པོར་བདེ་ཞིང་སྐྱིད་པར་ཤོག་ཅེས་ཁ་གཡང་བསྒྲགས། ཕྱི་ཚུལ་དུ་གཉེན་སྟོན་དེ་རྒྱུན་ལྡན་ཞིག་ཡིན་རུང་དོན་དམ་དུ་ཉི་མ་གཅིག་གི་གཉེན་སྒྲིག་རྫུན་མ་ཡིན་པའི་གནས་ཚུལ་ཐོན་འདུག

རྨ་བྱ་གཟའ་འཁོར་དུས་དེབ་ཀྱིས་རྒྱ་ནག་གི་ཧུ་པེ་ཞིང་ཆེན་གྱི་གྲོང་གསེབ་ཁག་ཏུ་ཕོ་ཧྲེང་དབུལ་ཕོངས་ཚོར་དཔལ་འབྱོར་འགྲོ་གྲོན་མེད་པར་བག་མ་ལེན་ཐུབ། ཁོ་ཚོ་ཤི་བའི་རྗེས་སུ་ཕ་མེས་ཀྱི་དུར་སར་སྦ་ཐབས་སུ་བག་མ་གླས་ནས་ཉི་མ་གཅིག་གི་གཉེན་སྟོན་རྫུན་མ་བྱེད་པའི་ལམ་སྲོལ་ཞིག་དར་གྱི་འདུག རྒྱ་ནག་གི་ས་གནས་མང་པོར་རྨོངས་དད་དྲུང་ནས་བྱིན་ཐུབ་མེད་པས་སྐྱེས་པ་ཞིག་གིས་མི་ཚེ་ཧྲིལ་པོར་བག་མ་ལེན་མ་ཐུབ་ན་མི་དེར་ཡན་ལག་སྐམ་པོ་ཞེས་མིང་བཏགས། ཁོ་པ་ཤི་བའི་རྗེས་སུ་ཡབ་མེས་ཀྱི་དུར་སར་སྦ་མི་ཆོག་པའམ། ཡང་ན་ཡབ་མེས་གོང་མ་ཚོའི་ཕ་ཁྱིམ་དུ་ཡོང་མི་ཆོག་པར་གྱུར། ཁྱིམ་ཚང་དེའི་ས་གཡང་འཁྲུགས་ནས་དམོད་པ་ཕོག མི་དེ་མི་རབས་མང་པོར་ཕོ་ཧྲེང་དུ་ལུས་རྒྱུའི་སྐྲག་སྣང་འབྱུང་གི་འདུག སྐྱེས་པ་མང་པོས་རང་ཉིད་ཕ་མེས་ཀྱི་དུར་སར་སྦས་ན་ཤི་བའི་རྗེས་སུ་ཤོག་གུའི་དངུལ་ལོར་བསྲེགས། མཁོ་དགུའི་ལོངས་སྤྱོད་གྱ་ནོམ་པ་འཐོབ་རྒྱུའི་རེ་ལྟོས་བཅངས། དེར་བརྟེན་ཕོ་ཧྲེང་དབུལ་ཕོངས་ཚོས་ཉིན་གཅིག་གི་བག་མ་དེ་ཚོར་ཨ་སྒོར་༥༠༠་ལྷག་གླ་ཡོན་སྤྲད་ནས་གཉེན་སྟོན་གྱི་ཆོ་གོ་བསྒྲུབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

འདས་པའི་ལོ་ལྔ་དྲུག་ཅིག་གི་ནང་དུ་ཉི་མ་གཅིག་གི་བག་སྟོན་གྱི་ཆོ་ག་བསྒྲུབ་རྒྱུ་དར་སྲོལ་ཆེ་རུ་སོང་། སྔོན་ཆད་རྒྱ་ནག་གི་སྤྱི་ཚོགས་སུ་འཚོ་གནས་དུས་སུ་གཉེན་སྒྲིག་མ་ཐུབ་པ་ཚོར་གཤིན་པོའི་གཉེན་སྟོན་ནམ། ཡང་ན་གཅིག་ཤི་གཅིག་གསོན་གྱི་གཉེན་སྟོན་ཚུགས་སྲོལ་ཡོད་མོད། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྟོན་གྱི་གདམ་ཀ་གསར་པ་ཞིག་དར། རུས་མིང་ཝུ་ཞེས་པའི་རྒྱ་མོ་ཞིག་གིས་ཉི་མ་རེའི་བག་སྟོན་བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་ཁོ་མོར་ཉི་མ་གཅིག་གི་བག་མ་ཆེད་ལས་པ་མཚམས་སྦྱོར་བྱ་རྒྱུ་འགའ་ཞིག་ཡོད། སྐྱེས་པ་ཚོས་ཉི་མ་གཅིག་ལ་བག་མ་གླས་པར་གླ་ཡོན་རྒྱ་སྒོར་༣༦༠༠་དང་བར་པར་གླ་ཡོན་རྒྱ་སྒོར་༡༠༠༠་སྤྲོད་དགོས། བག་མ་དེ་ཚོ་གཉེན་སྒྲིག་གི་ཆོ་གར་ཞུགས་ཏེ་སྐྱེས་པ་དེའི་ཕ་མེས་ཀྱི་དུར་སར་སོང་ནས་ཡབ་མེས་གོང་མ་ཚོར་གཉེན་སྒྲིག་བྱས་ཟིན་པ་ཡིན་ཞེས་སྙན་སེང་ཞུས་རྗེས་མཛད་སྒོ་གྲུབ་པ་རེད། བག་མ་ཆེད་ལས་པ་རྣམས་ས་གནས་རང་གི་མི་མིན་པ་དང་ཕྱི་ནས་ཡོང་བའི་མ་མ་དང་ཕུར་མཉེ་བ་ཚོ་རེད། ཁོ་ཚོས་རང་ལ་མིང་ཤས་འཕོག་སྲིད་པར་འཛེམ་ཟོན་ཆེན་པོ་བྱེད་ཀྱི་འདུག་ཅེས་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༧་ཉིན་གྱི་གཉེན་སྒྲིག་རྫུན་མའི་བག་མ་དེའི་མིང་ལ་ཐེན་ག་གེ་མོ་ཟེར། ཁོ་མོར་ཁྱོ་ག་དང་བུ་གཉིས་གསོ་རྒྱུ་ཡོད་པས་དངུལ་སྒོར་གྱི་ཆེད་དུ་བག་མ་རྫུན་མ་འཁྲབ། དེའི་ཞོར་དུ་ཁོ་མོས་ཕུར་མཉེ་ཁང་ཞིག་སྒོ་ནས་ཟླ་བ་རེར་རྒྱ་སྒོར་སྟོང་ཕྲག་འགའ་ཤས་འདུ་འགོད་ཐུབ་ཀྱི་འདུག ངའི་བཟའ་མི་ཚོས་ང་བག་མ་རྫུན་མ་འཁྲབ་ཀྱི་ཡོད་པ་ཤེས་ཀྱི་མེད། ངས་གདོང་ལ་སྐག་རྩི་མཐུག་པོ་བྱུགས་ནས་སྐྲ་རྫུན་གྱོན་ཏེ་ངོ་མ་ཤེས་པ་བྱེད་ཀྱི་ཡོད། ངས་༢༠༢༡་ནས་བར་པ་ཝུ་ལ་མཉམ་འབྲེལ་བྱས་ནས་ཞོར་ལས་འདི་གཉེར་འགོ་ཚུགས་པ་ཡིན། ང་ནི་ལོ་༤༨་ཡིན་པ་དང་བར་པ་ཝུའི་བག་མ་རྫུན་མ་དེ་དག་གི་གྲས་ཀྱི་ལོ་ན་གཞོན་ཤོས་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག རྒྱ་མོ་བར་པ་ཝུ་ཡིས་ངས་གཉེན་སྒྲིག་ངོ་མ་བྱེད་མི་ཐུབ་པའི་སྐྱེ་བོ་དབུལ་ཕོངས་ཚོར་མནའ་མ་དང་མག་པ་རྫུན་མ་བཙལ་ནས་རོགས་སྐྱོར་བྱེད་ཀྱི་ཡོད། གཉེན་སྒྲིག་དེའི་སྐབས་སུ་དངུལ་སྒོར་གླ་ཡོན་སྤྲད་མ་གཏོགས་ཐམས་ཅད་རྫུན་མ་དང་འཁྲབ་པ་རེད་ཅེས་སྨྲས། གཉེན་སྟོན་རྫུན་མ་ཡིན་རུང་རྨོངས་དད་ཅན་ཚོར་བག་མ་རྫུན་མ་དང་བག་སྟོན་རྫུན་མས་སེམས་ཀྱི་རྣམ་རྟོག་སེལ་ཐུབ་པའི་ཕན་ཐོགས་འབྱུང་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡབ་མེས་ཀྱི་དུར་སར་སྦ་རྒྱུ་གནད་འགག་ཆེན་པོ་ཡིན་མིན་ཐད་རྩོད་གླེང་མང་དུ་བྱུང་། མི་ཁག་ཅིག་གིས་བག་སྟོན་རྫུན་ནི་བསླུ་འདྲེ་དང་མཚུངས་ཞེས་གཤེས། མི་ཁ་ཤས་ཀྱིས་རྒྱ་ནག་གི་ཕོ་ཧྲེང་ཚོ་ཡབ་མེས་ཀྱི་དུར་སར་སྦ་མི་ཆོག་པའི་ལམ་སྲོལ་ཞིག་ཡོད་པ་ཤེས་མ་བྱུང་ཞེས་མཆན་བྲིས། མི་འགའ་ཞིག་གིས་ཁྱོད་ཤི་བའི་རྗེས་སུ་ཡབ་མེས་ཀྱི་དུར་སར་མ་སྦས་ཀྱང་ཁྱད་པར་ཅི་ཡོད། ཁྱོད་ཀྱིས་ཤེས་ཚོར་ཐུབ་ཀྱི་མ་རེད་ཅེས་མཆན་བཀོད། མི་གཞན་པ་ཞིག་གིས་ངས་གཡོ་ཁྲམ་པ་མང་པོ་མཐོང་མྱོང་། ཡིན་ནའང་བསླུ་འདྲེ་ནི་གནས་ཚུལ་གསར་པ་ཞིག་རེད་ཅེས་མཆན་བྲིས། ད་དུང་མི་ཞིག་གིས་གཉེན་སྒྲིག་ནི་དུར་སར་བརྩེ་དུང་ཆགས་པ་རེད་ཟེར་བ་བདེན་པར་སྣང་ཞེས་བྲིས། ཉི་མ་གཅིག་གི་གཉེན་སྒྲིག་ལ་ཞུགས་པའི་སྐྱེས་པ་དེའི་མིང་ལ་སུང་ཟེར་བ་དང་བག་སྟོན་དེ་མཆོག་གྱུར་པ་ཞིག་རེད། ངས་བག་མ་ངོ་མ་ཞིག་བླངས་ནས་ནུ་རིན་རྒྱ་སྒོར་འབུམ་༡་ལྷག་སྤྲོད་མི་དགོས་པའི་དགེ་མཚན་འདུག་ཅེས་རྒྱུ་མཚན་བགྲངས།།

ད་ལོའི་ཕྱི་ཟླ་༣་པའི་ཚེས་༢༦་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ཉི་མ་རེའི་གཉེན་སྒྲིག་དང་གྲོགས་པོ་གྲོགས་མོ་གླ་རྒྱུ་ཡོད་པ་ནི་ན་གཞོན་ཚོར་ཕ་མ་དང་ཁྱིམ་ཚང་། སྤྱི་ཚོགས་དང་དཔལ་འབྱོར་སོགས་ཀྱི་གནོན་ཤུགས་ཆེ་དྲགས་པའི་རྟགས་མཚན་རེད། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་ལ་ཕོ་མོ་གཉིས་དོ་མཉམ་མེད་པར་སྐྱེས་པ་ཚོས་མནའ་མ་ཞིག་ལེན་པར་རྒྱ་སྒོར་ཁྲི་ཚོ་མང་པོ་ནུ་རིན་སྤྲོད་དགོས་ཀྱི་འདུག རྒྱ་ནག་གི་ལྷོ་ཤར་ཕྱོགས་སུ་ཆགས་ཡོད་པའི་ཏེ་ཅ་པུ་གྲོང་ཁྱེར་གཞུང་གིས་སྡེབ་ཚོགས་གཉེན་སྟོན་ཚུགས་ནས་བག་མའི་རིན་གོང་གི་ལམ་སྲོལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ། ཏེ་ཅ་པུ་གྲོང་ཁྱེར་གཞུང་གིས་ཚོགས་ཁང་ཞིག་ཏུ་སྐྱེས་པ་དང་བུད་མེད་༣༠་ཐམ་པ་བསྡུས་ནས་དམར་ཤོག་ཚོགས་པའི་དར་ཆའི་འོག་ཏུ་གཉེན་སྟོན་གྱི་ཆོ་ག་བསྒྲུབས། རྒྱ་ནག་གི་སྤྱི་ཚོགས་སུ་བག་མ་ཞིག་ལེན་པར་མནའ་མའི་ཕ་མ་སོགས་ལ་ཆ་མཉམ་ཨ་སྒོར་ཁྲི་ཚོ་༢་ཡས་མས་རེའི་ནུ་རིན་སྤྲོད་དགོས་ཤིང་། སྐྱེས་པ་མང་ཆེ་བར་ནུ་རིན་སྤྲོད་རྒྱུ་མེད་པར་ཆུང་མ་ལེན་ཐུབ་ཀྱི་མེད་པའི་གནས་ཚུལཐོན་འདུག

རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་ན་གཞོན་ཚོས་གཉེན་སྒྲིག་བྱེད་ཀྱི་ཡོད་པ་བཅས་ཀྱིས་སྲིད་གཞུང་གིས་སྲོལ་རྒྱུན་གྱི་ལམ་ལུགས་ཁག་ཅིག་བཀག་འགོག་དང་མནའ་མར་ནུ་རིན་སྤྲོད་དགོས་ལུགས་སྲོལ་ངན་པ་ཞིག་ཏུ་བརྩིས། རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་བྱས་ནས་ཕྱུ་གུ་སྐྱེ་དགོས། བུད་མེད་ཚོས་ནུ་རིན་མཐོ་དམན་ལ་བལྟ་མི་ཉན། བུད་མེད་གཞན་ཞིག་གིས་ནུ་རིན་ཆེན་པོ་བླངས་འདུག ངས་དེ་ལས་ལྷག་ཅིག་ལེན་ཐབས་བྱ་རྒྱུ་ཡིན་ཞེས་འགྲན་སྡུར་ཚུགས་མི་ཆོག་ཅེས་བཀག ཐ་ན་རྒྱ་ནག་གི་ས་གནས་ཁག་ཅིག་གི་གཞུང་འབྲེལ་མི་སྣ་ཚོས་ཕོ་མོ་གཉིས་ཀྱི་གཉེན་རྟགས་བརྒྱབ་པའི་སྐབས་སུ་ནུ་རིན་ལེན་གྱི་ཡོད་པ་འགོག་གི་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ནུ་རིན་ཆེན་པོ་དགོས་ཟེར་བའི་བུད་མེད་རྣམས་འདོད་རྔམ་ཅན་རེད་ཅེས་སྐྱོན་བཙུགས། རྒྱ་ནག་གི་དྲྭ་ལམ་རྩོམ་པ་པོ་ཁག་ཅིག་གིས་ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་མེད་པ་དང་བུད་མེད་ལ་ཆེ་མཐོང་མེད་པ། བུད་མེད་ནི་ཚོང་རྫས་ལྟར་གྱུར་ཡོད་པའི་རྒྱ་ནག་གི་བསམ་བློའི་འདུ་ཤེས་ལ་འགྱུར་བ་གཏོང་དགོས་ཞེས་རྩོམ་ཡིག་སྤེལ།།

ཕྱི་ཟླ་༧་པའི་ཚེས་༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རུས་མིང་ལིའུ་ཞེས་པ་ཞིག་གིས་མནའ་མའི་ནུ་རིན་རྒྱ་སྒོར་༢༨༨༠༠༠་སྤྲོད་དགོས་བྱུང་བས་ས་གནས་སྲིད་གཞུང་ལ་སྡུག་སྐབད་བརྒྱབ། ཁོ་པས་ང་དང་ངའི་གྲོགས་མོ་གཉིས་གཉེན་སྒྲིག་བྱ་རྒྱུ་ཡིན་ཞེས་བསྒྲགས་པ་ཡིན། གྲོགས་མོའི་ཨ་མས་འཕྲལ་དུ་མནའ་མའི་ནུ་རིན་རྒྱ་སྒོར་༢༨༨༠༠༠་སྤྲོད་དགོས། འདི་ནི་སྤྱི་མཚུངས་ཀྱི་རིན་གོང་རེད། དེའི་ཐོག་ཏུ་ཁང་པ་དང་རླངས་འཁོར་ཉོ་དགོས་ཟེར་བྱུང་། ང་ཚོའི་རྫོང་དུ་མནའ་མའི་ནུ་རིན་ནི་རྒྱ་སྒོར་༡༢༠༠༠༠་རེད་ཅེས་ཀན་སུའུ་ཞིང་ཆེན་གྱི་ཀྲེན་ཡོན་རྫོང་ལ་སྙན་ཞུ་ཕུལ། ཁོ་པས་རྒྱ་ནག་གི་གཏམ་དཔེར་ས་གནས་ཅི་ཙམ་དབུལ་ཕོངས་ཡིན་ན་དེ་ཙམ་གྱི་བག་མའི་ནུ་རིན་མཐོ་ཞེས་བཤད་སྲོལ་ཡོད་པ་རེད། ཀྲེན་ཡོན་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་ས་གནས་ཡར་རྒྱས་ཕྱིན་ནས་དབུལ་ཕོངས་ཀྱི་ས་གནས་ཀྱི་ག་ལ་ཡིན། རྫོང་སྲིད་གཞུང་གིས་ངེས་པར་དུ་ངའི་འབྱུང་འགྱུར་གྱི་གྱོས་མོས་ནུ་རིན་ཆེན་པོ་དགོས་ཟེར་གྱི་ཡོད་པ་འགོག་དགོས་ཞེས་འབོད་སྐུལ་ཞུས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG