ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༢༣

རྒྱ་ནག་གིས་དྲྭ་ལམ་གསར་ཁང་གཉིས་ལ་ཞིབ་བཤེར་བྱས་ནས་སྒོ་བརྒྱབ།


༄༅།། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་དྲྭ་ལམ་གསར་ཁང་གཉིས་ལ་ཞིབ་བཤེར་བྱས་ནས་བཀག་ཡོད་ཅིང་། དྲྭ་ལམ་གསར་ཁང་གཅིག་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་དང་རྒྱ་ནག་གི་ནད་འགོག་སྲིད་ཇུས་གདུག་རྩུབ་ཆེ་བ་ཐེར་འདོན། དྲྭ་ལམ་གསར་ཁང་གཞན་དེས་རྒྱ་ནག་གི་བཟོ་ལས་སྐོར་གྱི་གནས་ཚུལ་བཏོན་ཏེ་གཞུང་གིས་བཀག་སྡོམ་བྱས་འདུག ཕྱི་ཟླ་༧་པའི་ཚེས་༥་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ཟླ་བའི་ཕྱི་དྲོར་རྒྱ་ནག་གཞུང་གིས་འཕྲོད་བསྟེན་ལྟ་ཞིབ་དང་གསར་འགྱུར་སྒར་ས་ཞེས་པ་དེ་སྒོ་བརྒྱབ། རྒྱ་གཞུང་གིས་དྲྭ་ལམ་གསར་ཁང་དེ་དག་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་ཅི་ཡིན་གསལ་བཤད་མ་བྱུང་། ད་ལོའི་ཕྱི་ཟླ་༣་པ་ནས་རྒྱ་ནག་གཞུང་གིས་སྒེར་པ་གསར་འགོད་པ་ཚོས་དྲྭ་ལམ་དུ་གནས་ཚུལ་སྤེལ་གྱི་ཡོད་པའི་རིགས་ལ་བཀག་སྡོམ་དང་ཞིབ་བཞེར་ནན་པོ་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་གསར་འགྱུར་བཀག་སྡོམ་དང་ཞིབ་བཤེར་གྱི་སྒྲིག་ཁྲིམས་ཁག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ལའང་གནོན་སྡོམ་བྱ་རྒྱུའི་ཉེན་ཁ་ཆེ།།

འཕྲོད་བསྟེན་ལྟ་ཞིབ་གསར་ཁང་ཞེས་པ་དེ་༢༠༡༨་ལོར་བཙུགས་ཏེ་སྐད་འཕྲིན་དང་ཝི་པོ། ཀྲི་ཧུ་གསུམ་གྱི་ནང་དུ་གསར་འགྱུར་སྤེལ། ད་ལྟ་འཕྲོད་བསྟེན་ལྟ་ཞིབ་ཀྱི་དྲྭ་ཚིགས་གསུམ་པོ་སྒོ་བརྒྱབ་སྟེ་སྐད་འཕྲིན་གྱི་དྲྭ་ངོས་སུ་མཐོང་རྒྱུ་དང་བཀླག་རྒྱུ་ཅི་ཡང་མེད་པར་གྱུར། དྲྭ་ཚིགས་གཞན་པ་གཉིས་ཀྱི་ནང་དུ་འཛུལ་ཐབས་བྱས་ན་དྲྭ་ཚིགས་སྒོ་འབྱེད་ཐུབ་ཀྱི་མི་འདུག ཁྱོད་ཀྱིས་འཚོལ་ཞིབ་བྱེད་བཞིན་པའི་བརྗོད་བྱ་རྣམས་རྙེད་ཀྱི་མི་འདུག་ཅེས་ཡི་གེ་ཤར། འཕྲོད་བསྟེན་ལྟ་ཞིབ་ནི་རྒྱ་ནག་གི་སྤྱི་ཚོགས་སུ་འཕྲོད་བསྟེན་ལ་དོ་སྣང་བྱེད་ཀྱི་ཡོད་པའི་དྲྭ་ལམ་གསར་ཁང་ཉུང་ཤས་ཤིག་ཡོད་པ་དེ་དག་གི་གྲས་ཤིག་ཡིན་ཞིང་། འཕྲོད་བསྟེན་གྱི་གསར་ཁང་དེས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པ་དང་སྨན་པ་ལི་ཝེན་ལེང་ལ་འཆི་སྐྱོན་ཕོག་པ་རྣམས་བསྒྲགས། སྨན་པ་ལི་ཝེན་ལེང་གིས་རྒྱ་ནག་ལ་ནད་དུག་ཅིག་ཁྱབ་ཀྱི་ཡོད་པ་དེ་ཉེན་ཚབས་ཆེན་པོ་རེད་ཅེས་ཉེན་བརྡ་བཏང་སྟེ་རྒྱ་ནག་གཞུང་གིས་སྨན་པ་ལི་ཝེན་ལེང་བཀག་ཉར་བྱས་ནས་ཉེན་བརྡ་དེ་དཀྲོག་གཏམ་རེད་ཅེས་ནག་ཉེས་སུ་བརྩིས།།

རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། མི་གྲངས་ས་ཡ་མང་པོ་རང་ཁྱིམ་དུ་བཙོན་པ་ལྟར་བཀག་སྟེ་ལུས་སེམས་གཉིས་ཀྱི་དཀའ་ངལ་ཚད་མེད་མྱངས་ཀྱང་རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཕལ་ཆེ་བས་དེ་ལ་སྣང་མེད་ཤོར། འཕྲོད་བསྟེན་ལྟ་ཞིབ་གསར་ཁང་གིས་གསར་འགྱུར་ལས་ཁུངས་སྤྱི་བྱིངས་ཀྱིས་དོ་སྣང་མ་བྱུང་བ་རྣམས་གཙིགས་སུ་བཟུང་ནས་བཏོན། གསར་ཁང་དེས་ནད་ཡམས་དུས་སུ་རྒྱ་ནག་མི་དམངས་ལ་སྨན་དང་ཁབ་སོགས་འདང་ངེས་མ་ཐེམས། རྒྱ་ནག་མི་དམངས་ཀྱིས་ལིན་ཧྭ་ཆིང་ཝེན་ཟེར་བའི་སྲོལ་རྒྱུན་གྱི་རྩྭ་སྨན་ལ་བརྟེན་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་སུ་འབུངས། སྔ་ལོ་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་གྱི་ཡུལ་མི་རྣམས་ཟླ་བ་རེ་ཟུང་ལ་ཁྱིམ་དུ་བཀག་པའི་རྗེས་སུ་མིའི་སེམས་ཁམས་ལ་གནོད་འཚེ་ཐེབས་པ་རྣམས་བསྟན། རྒྱ་ནག་གཞུང་གིས་ནད་ཡམས་དུས་སུ་རྒྱ་ནག་མི་དམངས་ཀྱི་སེམས་ཁམས་ལ་གནོད་འཚེ་ཕོག་པ་ཁས་མ་བླངས།།

ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྲིད་ཇུས་མཚམས་བཞག འཕྲོད་བསྟེན་ལྟ་ཞིབ་གསར་ཁང་གིས་ས་གནས་སྲིད་གཞུང་ཁག་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱེད་ཀྱི་ཡོད་ཅེས་འགྲོ་གྲོན་ཚད་མེད་བཏང་བ་དང་སྨན་བཅོས་ཀྱི་ཡོ་བྱད་ཉོ་རྒྱུ་མང་དྲགས་ཤིང་། གཞུང་སྒེར་གཉིས་ཀྱི་སྨན་ཁང་གིས་སྨན་བཅོས་དང་སྨན་ཡོན་སྤར་ནས་འགྲན་སྡུར་ཚུགས། དབང་པོ་སྐྱོན་ཅན་ཚོར་ལྟ་རྟོག་པ་མེད་པར་རང་ངོས་ནས་སྨན་པར་སྟོན་དུ་འགྲོ་ཐུབ་པའི་མཐུན་རྐྱེན་རྣམས་མ་བསྒྲུབས། སྨན་ཁང་ཆེ་ཁག་གིས་ཁེ་སང་འབའ་ཞིག་ལ་དམིགས་ནས་མིའི་བདེ་ཐང་དང་སྨན་བཅོས་ལ་བསམ་བློ་གཏོང་གི་མེད་པ་རྣམས་མང་ཚོགས་ཀྱི་མིག་ལམ་དུ་བཀྲམ། འཕྲོད་བསྟེན་ལྟ་ཞིབ་གསར་ཁང་གི་ལས་བྱེད་པ་ཟུར་པ་ཞིག་གིས་གསར་འགོད་པར་ངས་སྔོན་ཆད་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་སྐྱོན་བརྗོད་དང་རྒྱ་ནག་གི་འཕྲོད་བསྟེན་ལམ་ལུགས་སྦོ་ལུག་གི་ཡོད་པའི་རྩོམ་ཡིག་བྲིས་པ་རྣམས་དྲྭ་ལམ་ནས་བསུབས་ཏེ་མཐོང་རྒྱུ་མེད་པར་གྱུར་འདུག་ཅེས་བཀྲལ།།

གསར་འགྱུར་སྒར་ས་ནི་རྒྱ་ནག་གི་ཞིབ་འཇུག་གསར་འགོད་པ་ཚོས་བཙུགས། སྐད་འཕྲིན་ནང་དུ་རྒྱ་ནག་གི་གསར་འགོད་པ་ཚོར་དཀའ་ངལ་ཅི་ཞིག་འཕྲོད་ཀྱི་ཡོད་མེད། རྒྱ་ནག་གི་གསར་འགོད་པ་ཚོས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་རྣམས་རྩལ་གྱིས་བཏོན་ནས་ཕྱིར་བསྒྲགས་བྱེད་པའི་གསར་ཁང་ཞིག་ཡིན་མོད། ཉེ་ཆར་གསར་འགོད་པ་ཞིག་གིས་རྒྱ་ནག་ལྷོ་ཕྱོགས་ཀྱི་གུའི་ཀྲུག་གྲོང་ཁྱེར་དུ་དགེ་རྒན་གཉིས་བསད་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཉེན་རྟོག་པས་གསར་འགོད་པ་དེར་རྡུང་རྡེག་བཏང་བའི་རྩོམ་ཡིག་སྤེལ། པེ་ཅིང་གི་ཕྱི་རྒྱལ་ཞིབ་འཇུག་སློབ་ཆེན་གྱི་གསར་འགོད་ལས་རིགས་སློབ་དཔོན་ཟུར་པ་ཀྲན་ཅང་གིས་རྒྱ་ནག་གཞུང་གིས་དྲྭ་ལམ་གྱི་གསར་ཁང་གཉིས་སྒོ་བརྒྱབ་པ་ནི་ཁྲིམས་འགལ་རེད། དེ་ནི་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་བྱས་པ་ཞིག་རེད་ཅེས་སྐྱོན་བཙུགས། ཟླ་བ་སྔོན་མར་རྒྱ་ནག་གི་དངུལ་རྩའི་གསར་འགོད་པ་གྲགས་ཅན་ཝུ་ཞའོ་པོའི་ཝི་པོ་དྲྭ་ཐོ་སྒོ་བརྒྱབ། ཝུ་ཞའོ་པོས་རྒྱ་ནག་གཞུང་གིས་མི་མང་ལས་ཤོར་བའི་དཀའ་ངལ་སེལ་གྱི་མི་འདུག་ཅེས་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༢༧་ཉིན་ཧོང་ཀོང་གསར་འགོད་རང་དབང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གསར་འགོད་པ་གྲགས་ཅན་ཝུ་ཞའོ་པོས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ནི་༡༩༢༨་ལོར་བྱུང་བའི་ཨ་རིའི་དཔལ་འབྱོར་ཉམས་ཆག་ཆེན་པོར་གཤིབ་སྡུར་བྱས་པའི་རྗེས་སུ་སྐད་འཕྲིན་དང་ཝི་པོ་སོགས་སྤྱི་ཚོགས་དྲྭ་ཚིགས་ཁག་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག ཝི་པོ་དྲྭ་ཚིགས་གཅིག་པུའི་ནང་དུ་ཝུ་ཞའོ་པོ་ལ་རྗེས་འབྲང་བ་ས་ཡ་༤་དང་འབུམ་༧་ལྷག་འདུས། རྒྱ་ནག་གཞུང་གིས་ཝི་པོ་གསར་ཁང་ལ་དྲྭ་བདག་གསུམ་གྱི་རུས་མིང་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་མཁོ་སྤྲོད་བྱ་དགོས། མི་དེ་ཚོས་དཀྲོག་གཏམ་སྒྲོགས་ཀྱི་འདུག ཁོ་ཚོས་ཁྲོམ་རའི་བདེ་འཇགས་ལ་གཏོར་བརླག་དང་མི་མང་ལས་ཤོར་བའི་གྲངས་འབོར་རྟོག་བཟོ་བྱེད་ཀྱི་འདུག་ཅེས་ཉེས་སྐྱོན་བགྲངས། ཝི་པོ་གསར་ཁང་གིས་མི་དེ་ཚོའི་རུས་མིང་དང་ཁ་པར་ཨང་གྲངས། རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་མཁོ་སྤྲོད་མ་བྱས་པས་དྲྭ་བྱང་སྒོ་བརྒྱབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG