ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༢/༠༦

ཡུཀ་རེན་ལ་རྒྱབ་སྐྱོར་ཐོབ་སྟེ་མཁས་པ་ཚོ་དང་ཕུ་ཊིན་རྩིས་ལོག་ཐེབས། 


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ཟླ་བ་༡༠་འདས། ཐོག་མར་དམག་འཁྲུག་མགོ་བརྩམས་པའི་དུས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་སུ་གཅིག་གིས་ཀྱང་སྔོན་དཔག་མ་ཐུབ། ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་ཨོཀ་སི་ཡོ་གསར་འགྱུར་ལས་ཁང་གིས་ནུབ་ཆིངས་སྒྲིག་འཛུགས་སུ་བཅའ་སྡོད་ཨ་རིའི་སྐུ་ཚབ་ཟུར་པ་ཨི་ཝོབ་ཌལ་ཌེར་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྐུ་ཚབ་ཟུར་པ་ཌན་ཌེལ་གྱིས་ཡུཀ་རེན་ལ་རྒྱབ་སྐྱོར་ཐོབ་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་ཡོད་པ་ནི་ཉམས་ཞིབ་མཁས་པ་ཚོ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་བཅས་ཀྱིས་གཏན་ནས་སྔོན་དཔག་མ་ཐུབ་པ་ཞིག་རེད། ན་ནིང་ཕྱི་ཟླ་དང་པོའི་ནང་དུ་འཇར་མན་གཞུང་གིས་འགོ་ཁྲིད་ནས་ཡུ་རོབ་རྒྱལ་ཁབ་ཁག་ཨུ་རུ་སུའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་བརྟེན་མི་དགོས་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད་ཡོད་ཚེ། མི་ཚོས་སྐད་ཆ་དེ་སྨྱོ་གཏམ་ཁོ་ན་རེད་ཅེས་ལན་བཏབ་ཡོད་ཤས་ཆེ། འོན་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་རྡོ་སྣུམ་དང་སོལ་རླངས་ལ་བརྟེན་མི་དགོས་པའི་ལམ་ཞིག་འཚོལ་གྱི་ཡོད་པ་མཐོང་གསལ་རེད། དེ་བཞིན་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་ཡོད་པ་འདི་འདྲ་ཞིག་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་བྱུང་མྱོང་མེད་ཅིང་། ད་དུང་ཡང་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་གི་འདུག ཉེ་ཆར་ཡུཀ་རེན་གྱི་སྲིད་འཛིན་ཨ་རིའི་རྒྱལ་སར་འཚམས་འདྲིར་ཕེབས་པ་གཉིས་མོས་ཀྱིས་གདན་འདྲེན་ཞུས་པ་དང་སྐབས་དེར་གསར་འགོད་པ་ཚོས་སྲིད་འཛིན་བྷ་ཌན་ལ་༢༠༢༣་ལོར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྔར་བཞིན་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཐུབ་རྒྱུ་རེད་དམ་ཞེས་དྲིས། སྲིད་འཛིན་བྷ་ཌན་གྱིས་ང་ནི་དེ་ལ་སེམས་ཁྲལ་ཅི་ཡང་མེད་ཅེས་ལན་བཏབ་པའི་གནས་ཚུལ་ཐོན།།

ཨ་རིའི་སྐུ་ཚབ་ཟུར་པ་ཌལ་ཌེར་གྱིས་མུ་མཐུད་དུ་ཨོཀ་སི་ཡོ་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ༢༠༡༤་ལོར་ཕུ་ཊིན་གྱིས་དམག་བཏང་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོགས་བྱས་པའི་སྐབས་དེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཁག་ཅིག་བཅད། འཇར་མན་ཎིའི་སོལ་རླངས་བརྒྱ་ཆ་༥༠་ལྷག་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་པས་ཚོང་ལས་རྒྱུན་འཁྱོངས་བྱས་པ་དང་སྐབས་དེའི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དེས་ཨུ་རུ་སུར་གནོད་སྐྱོན་ཆེན་པོ་མ་ཕོག ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཟླ་བ་མང་པོའི་སྔོན་ནས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་རེད་ཅེས་སྔོན་བརྡ་ཇི་ལྟར་བཏང་ཡང་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་དངོས་སུ་བཙན་འཛུལ་མ་བྱུང་བར་དུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་ཨ་རིའི་ཉེན་བརྡར་ཡིད་མ་ཆེས། ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་ཨ་མི་རི་ཀ་དང་ཡུ་རོབ། ནུབ་ཆིངས་སྒྲིག་འཛུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཨུ་རུ་སུར་འགོག་རྒོལ་བྱས་པ་ནི་ང་ཚོ་ཚང་མས་ཚོད་དཔག་མ་ཐུབ་པ་དང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཏུ་གྱུར། སྔོན་ཆད་འཇར་མན་ཎི་སོགས་ཀྱིས་ཨུ་རུ་སུར་ཕོག་ཐུག་གཏོང་རྒྱུར་ཤིན་ཏུ་འཛེམས་ཀྱང་དམག་འཁྲུག་རྗེས་སུ་རྒྱལ་ཁབ་དེ་དག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་ཧང་སང་དགོས་ཞིག་བྱེད་ཀྱི་འདུག་ཅེས་བཤད། ཁར་ཎི་གྷི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་གྷ་བྷུ་ཡེབ་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཉི་མ་གཉིས་གསུམ་ཞིག་གི་ནང་དུ་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་ཐུབ། དེ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འདའ་བ་ནི་འདས་སུ་ཆུགས་ཞེས་ཨུ་རུ་སུར་རྒྱལ་ཁ་ཐོབ་པ་དེར་ངོས་ལེན་བྱ་དགོས་ཐུག་སྲིད་པའི་རྩིས་བརྒྱབ་པ་རེད་ཅེས་བཀྲལ།།

ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དང་ས་ཆ་ཤོར་ཟིན་པ་རྣམས་ཕྱིར་ལེན། ལྷག་པར་དུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་བྷུ་ཆ་ས་གནས་སོགས་སུ་མི་མང་དམར་གསོད་བྱས་པ་འཛམ་གླིང་ཡོངས་སུ་ཁྱབ་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཕྱོགས་ཡོངས་ནས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་བཀལ། ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ། ཡུཀ་རེན་གྱི་བཙན་བྱོལ་བ་ཚོར་ལྟ་སྐྱོང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིངས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཡི་ཐང་ཆད་དུ་འཇུག་རྒྱུ་དང་ཡུཀ་རེན་གྱི་གློག་ཁང་ཁག་ལ་གཏོར་རྒོལ་བྱས་ནས་མི་དམངས་རྣམས་རང་སར་སྡོད་བཟོད་མེད་པ། ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡུཀ་རེན་གྱི་བཙན་བྱོལ་བ་ས་ཡ་མང་པོ་འབྲོ་རུ་འཇུག་རྒྱུ་དང་འཇར་མན་ཎི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་སོལ་རླངས་ཆད་ན་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཐུག་སྲིད་པའི་རྩིས་བརྒྱབ། ཁར་ཎི་གྷི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་གྷ་བྷུ་ཡེབ་ཀྱིས་མུ་མཐུད་དུ་བཤད་པ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་ནུབ་ཕྱོགས་རྒྱལ་ཁབ་ཁག་དམག་འཁྲུག་ལ་ཡི་ཐང་ཆད་སྲིད་པར་བློ་འཚབ་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དམག་འཁྲུག་གི་དུས་འདིར་ཨུ་རུ་སུར་ཉེས་ཆད་བཅད་ཡོད་པ་རྣམས་ཕྱིར་འཐེན་དང་ཨུ་རུ་སུ་ནས་སོལ་རླངས་ནང་འདྲེན་བྱ་འཆར་མེད་པའི་གསལ་བསྒྲགས་སྤེལ། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡུཀ་རེན་ལ་དམག་དོན་རོགས་རམ་ཚད་མེད་སྤྲོད་མི་ཐུབ་ཅེས་གླེང་། འོན་ཀྱང་ཨ་རིའི་གཞུང་གིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤༧༠་ཐམ་པ་རོགས་རམ་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་པས་རོགས་དངུལ་རྣམས་ཟླ་ཤས་ནང་དུ་ཆད་མི་སྲིད། ཨ་རིའི་སྐུ་ཚབ་ཟུར་པ་ཨི་ཝོབ་ཌལ་ཌེར་གྱིས་སྐབས་འགར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཨུ་རུ་སུར་བསྟུན་མཁས་བྱ་དགོས་ཟེར་བ་དང་འཇར་མན་ཎིའི་སྲིད་བློན་ཤོལ་ཛིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྤྲོད་ཐུབ་ས་མ་རེད་ཟེར་གྱི་ཡོད་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་འཐབ་རྒོལ་བྱ་དགོས་པའི་ལངས་ཕྱོགས་ལ་འགྱུར་བ་མི་འདུག་ཅེས་སྡོམ་ཚིག་བརྒྱབ།།

ཕྱི་ཟླ་༡༢་པའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ང་ཚོར་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་བྱ་འདོད་ཡོད་ཀྱང་ཡུཀ་རེན་དང་དེའི་རྒྱབ་སྐྱོར་བ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གྲོས་མོལ་བྱེད་འདོད་མི་འདུག ང་ཚོས་གཉིས་མོས་ཀྱི་ཐབས་ལམ་ཞིག་འཚོལ་བར་སུ་ལ་ཡིན་རུང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད། ཨུ་རུ་སུས་གྲོས་མོལ་བྱ་རྒྱུ་མིན་ཟེར་གྱི་མེད། གྲོས་མོལ་བྱ་རྒྱུ་ཡིན་མིན་ནི་ཕ་རོལ་པོའི་ལག་ཏུ་ཡོད་པ་ཞིག་རེད་ཅེས་རྒྱལ་ནང་གི་བརྙན་འཕྲིན་ཁང་ཞིག་གི་བཅར་འདྲིའི་སྐབས་སུ་ལན་བཏབ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པས་ཕུ་ཊིན་གྱིས་དོན་དངོས་ལ་བལྟ་དགོས། གྲོས་མོལ་མི་བྱེད་མཁན་དེ་ཨུ་རུ་སུ་རེད། ཨུ་རུ་སུ་འབའ་ཞིག་གིས་ཡུཀ་རེན་ལ་གཏོར་རྒོལ་བྱས་ནས་སྤྱི་དམངས་དམར་གསོད་བྱེད་ཀྱི་ཡོད་པ་རེད། ཨུ་རུ་སུར་གྲོས་མོལ་བྱེད་འདོད་མེད་པར་རང་གི་བྱས་ཉེས་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་དགག་པ་བརྒྱབ། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་རང་གི་དམིགས་ཡུལ་རྣམས་མ་གྲུབ་བར་དུ་འཐབ་འཁྲུག་རྒྱག་རྒྱུ་ཡིན་ཟེར། ཡུཀ་རེན་གྱིས་རང་གི་ས་ཐོག་ནས་ཨུ་རུ་སུའི་དམག་མི་ཐམས་ཅད་མཐར་སྤྲོད་མ་བཏང་བར་དུ་ངལ་གསོ་རྒྱག་རྒྱུ་མིན་ཞེས་ལངས་ཕྱོགས་གསལ་པོར་བསྟན། ཕུ་ཊིན་གྱིས་གྲོས་མོལ་བྱ་དགོས་ན་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཡུཀ་རེན་གྱི་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ཟིན་པར་ཡུཀ་རེན་གྱི་མོས་མཐུན་བྱ་དགོས་ཞེས་ཆ་རྐྱེན་བཏོན། ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་ཆ་རྐྱེན་དེར་ནམ་ཡང་ངོས་ལེན་མེད་ཅེས་ལན་གླན།།

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༡༧་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ནན་ཅིང་སློབ་གྲྭ་ཆེན་མོ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོ། ཧྥུ་ཏན་སློབ་གྲྭ་ཆེན་མོའི་ས་ཁམས་ཆབ་སྲིད་མཁས་པ་ཚོས་ཕུ་ཊིན་གྱི་སྲིད་དབང་མཇུག་བསྒྲིལ་བའི་དུས་སྐབས་ཤིག་མྱུར་དུ་འཆར་ས་རེད། རྒྱ་ནག་གིས་ཡུཀ་རེན་མི་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲད་ནས་དཀའ་སྡུག་སེལ་དགོས། ཡུཀ་རེན་གྱི་དམག་འཁྲུག་འདི་མཚམས་ཆད་ཐུབ་རྒྱུ་ཁག་པོ་རེད། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་བ་མི་འདུག་ཅེས་གཅིག་གྱུར་གྱི་ལྟ་ཚུལ་བརྗོད། ནན་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་འགན་འཛིན་ཀྲུང་ཧྥེང་གིས་ཡུཀ་རེན་གྱི་དམག་འཁྲུག་ཡུན་བསྲིང་རྒྱུ་དང་ཨུ་རུ་སུ་སྟོབས་ཤུགས་ཉམས་རྒྱུ་ལྡོག་ཐབས་བྲལ། དེས་ན་རྡུལ་ཕྲན་མཚན་ཆའི་དམག་འཁྲུག་གི་ཉེན་ཁ་ཆེ་རུ་འགྲོ་སྲིད། ཡུཀ་རེན་གྱི་དམག་འཁྲུག་ཡུན་བསྲིངས་ན་འཛམ་གླིང་ཡོངས་སུ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུ་དང་ཕུ་ཊིན་གྱི་རྗེས་སུ་ཨུ་རུ་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་འགྱུར་རྒྱུ་ཡིན་ནམ། ཡང་ན་ནུབ་ཕྱོགས་ཅན་དུ་འགྱུར་རྒྱུ་ཡིན་མིན་ནི་ངེས་གཏན་བྲལ། འདི་ནི་རྒྱ་ནག་གིས་ཁེ་ཕན་ལ་གནོད་གཞི་ཞིག་ཏུ་འགྱུར་རྒྱུ་དང་ཨུ་རུ་སུར་འཐབ་ཇུས་ཀྱི་ཟླ་གྲོགས་བསྒྲིགས་ན་དགེ་མཚན་ཡོད་མེད་ཐད་བསམ་ཞིབ་ནན་པོ་བྱ་གལ་ཆེ་ཞེས་སྨྲས། རྒྱ་ནག་གི་ཆིན་ཧྭ་སློབ་གྲྭ་ཆེན་མོའི་ཨུ་རུ་སུའི་ཞིབ་འཇུག་སློབ་གླིང་གི་འགན་འཛིན་གཞོན་པ་ཝུ་ཏ་ཧུས་ཨུ་རུ་སུའི་དཔལ་འབྱོར་དང་དབུས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་པའི་སྟོབས་ཤུགས་ཉམས། རྒྱ་ནག་གིས་ཨུ་རུ་སུར་མཐུན་གྲོགས་བསྒྲིགས་ནས་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་ཐབས་མཁས་ཤིག་མ་རེད་ཅེས་བཤད། ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཨ་མི་རི་ཀ་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་ཝུ་ཞིན་པའོ་ཡིས་རྒྱ་ནག་གིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་ལ་ཞི་བའི་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་དགོས་པའི་ནན་སྐུལ་བྱོས། དེ་ལྟར་བྱུང་ན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཆེ་མཐོང་ཡག་ཏུ་འགྲོ་རྒྱུའི་ཕན་ཐོགས་འདུག དགུན་གྱི་གྲང་ངར་དུས་འདིར་ཡུཀ་རེན་གྱི་མི་མང་ས་ཡ་མང་པོས་འཁྱག་སྡུག་མྱོང་གི་ཡོད་པས་རྒྱ་ནག་གིས་ཚ་གློག་སོགས་ཀྱི་རོགས་རམ་སྤྲད་ནས་དཀའ་ངལ་སེལ་ཐབས་བྱ་དགོས་ཞེས་ནན་སྐུལ་བྱས་ཤིང་། རྒྱ་ནག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཏེ་ཡུཀ་རེན་ལ་བཙན་འཛུལ་བྱུང་བར་ཁ་རྡུང་གཏོང་གི་མེད་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG