ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

  ཕུ་ཊིན་སྲོག་མགོ་ཐོན་རྒྱུ་ཡིན་མིན་ལ་སྐྲག་ནས་བསྡད་འདུག་ཟེར། 


༄༅།། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སྤྱི་ཁྱབ་འགན་འཛིན་གྱིས་ཨུ་རུ་སུའི་དམག་དཔུང་རྣམས་ཁར་སན་གྲོང་ནས་ཕྱིར་འཐེན་བྱས་པ་དང་ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་། ད་ལྟ་ཕུ་ཊིན་གྱིས་རང་གི་སྲོག་མགོ་ཐོན་རྒྱུ་ཡིན་མིན་ལ་སྐྲག་ནས་བསྡད་ཡོད་པ་རེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་དབྱིན་ཇིའི་དུས་བབ་ཚགས་པར་གྱིས་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་ཨ་རེ་སི་ཊོ་ཝི་ཆི་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ན། སློབ་སྟོན་པ་ཨ་རེ་སི་ཊོ་ཝི་ཆིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་གྲོང་ཁྱེར་ནི་ཨུ་རུ་སུས་དམག་གིས་བཙན་འཕྲོག་བྱས་པའི་ས་གནས་ཐོག་མ་དེ་རེད། ཉེ་ཆར་ཨུ་རུ་སུའི་དམག་དཔུང་ཁར་སན་གྲོང་ནས་ཕྱིར་འཐེན་བྱས་པ་ནི་ཕུ་ཊིན་ལ་ཐད་ཀར་ཕམ་ཉེས་ཤིག་ཡིན་པ་དང་ཨུ་རུ་སུའི་ལོ་རྒྱུས་སུ་དམག་འཁྲུག་གི་ཕམ་ཁ་མྱོང་བའི་གོང་མ་ཚོར་མཇུག་འབྲས་ཡག་པོ་ཞིག་གཏན་ནས་བྱུང་མྱོང་མི་འདུག གལ་སྲིད་དམག་འཁྲུག་གི་ཕམ་ཉེས་བྱུང་ན་ཨུ་རུ་སུའི་མི་དམངས་ཀྱིས་སེམས་ནས་ཕུ་ཊིན་ལ་བློ་གཏད་བཅོལ་རྒྱུ་མ་རེད། དེས་ན་ཁོ་པ་ཆབ་སྲིད་ཀྱི་འགོ་ཁྲིད་ཅིག་མིན་པར་འགྱུར་རྒྱུ་དང་གཟུགས་ཕུང་ཡང་བསྡུ་སྲིད་ཅེས་བཀྲལ། ཁར་སན་གྲོང་དུ་ཨུ་རུ་སུར་ཕམ་ཉེས་བྱུང་བ་དེར་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གི་གསར་འགོད་པ་རྣམས་ཀྱང་ཧང་སང་སྟེ་ཡིད་སྐྱོ། ཕུ་ཊིན་ལ་ལྷག་བསམ་རྣམ་དག་གི་གཞུང་དྲང་བློ་དཀར་ཡིན་པ་ཚོར་ཡང་དམག་འཁྲུག་འདིར་རྒྱལ་ཁ་ཐོབ་རྒྱུ་མ་རེད་སྙམ་པའི་དོགས་པ་སྐྱེས། ཨུ་རུ་སུའི་བརྙན་འཕྲིན་ཁང་གི་གསར་འགྱུར་རྒྱང་སྒྲོག་པ་ཨན་ཌི་རི་ནོར་ཀིན་གྱིས་ཁན་སན་གྲོང་ནས་དམག་དཔུང་ཕྱིར་འཐེན་བྱས་པའི་གསར་འགྱུར་རྣམས་བཤད་ཀྱི་མིན། ང་བཙོན་ཁང་དུ་ཚུད་སྲིད་ཅེས་ཀུ་རེ་རྩེད་ནས་ཟུར་ཟ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༢༣་ཉིན་དབྱིན་ཇིའི་བང་ཆེན་ཚགས་པར་གྱིས་རྒྱལ་སྤྱི་དམག་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སིམ་ཏག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ཕམ་ཉེས་བྱུང་ཡོད་པས་སྲིད་དབང་མུ་མཐུད་དུ་འཛིན་ཐུབ་རྒྱུ་ཁག་པོ་རེད། ཁོ་པའི་སྲིད་དབང་མཇུག་བསྒྲིལ་རྒྱུ་ནི་བར་ཐག་ཇེ་ཉེ་དང་ཇེ་ཉེ་ཡིན་ཞིང་། ཡུཀ་རེན་མི་དམངས་ཀྱིས་རང་སྲོག་བློས་བཏང་ནས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་དང་དཔལ་འབྱོར་རོགས་རམ་སྤྲད། ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དང་དམག་འཁྲུག་དེར་ལམ་ལྷོངས་འབྱུང་གི་མེད་པ་བཅས་ཀྱིས་ཆབ་སྲིད་བརྟན་ལྷིང་མེད་པར་འགྱུར་ཤས་ཆེ། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་རྩོད་གླེང་ཆེན་པོ་འབྱུང་གི་ཡོད་པ་དེ་ལ་བལྟས་ན་ཕུ་ཊིན་གྱི་སྲིད་དབང་བརྟན་རྒྱུ་མིན་པ་ར་འཕྲོད། ཕུ་ཊིན་གྱིས་༢༠༣༦་བར་དུ་སྲིད་དབང་འཛིན་རྒྱུ་གཏན་ཁེལ་ཡོད་ཀྱང་དེའི་བར་དུ་གནས་ཐུབ་རྒྱུ་ཤིན་ཏུ་དཀའ། ཨུ་རུ་སུའི་མི་དམངས་དང་དཔལ་འབྱོར། ཆབ་སྲིད་ཀྱི་ལམ་ལུགས་རྣམས་གང་ཟག་གཅིག་ལ་བརྟེན་དགོས་ན་རྒྱུན་འཁྱོངས་བྱེད་མི་ཐུབ། ངས་བལྟས་ནས་ཨུ་རུ་སུའི་དམག་ལ་ཕམ་ཉེས་དང་དཔལ་འབྱོར་ཉམས་རྒུད་ཕྱིན་ནས་ཕུ་ཊིན་གྱི་དུས་སྐབས་མྱུར་དུ་མཇུག་བསྒྲིལ་རྒྱུ་རེད་ཅེས་བསྟན། དབྱིན་ཇིའི་དམག་སྤྱི་ཆིབ་ཆབ་མན་གྱིས་ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་བྱུང་བའི་རྗེས་སུ་ཕུ་ཊིན་ལ་བྱ་ཐབས་ཟད། དེང་སྐབས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་གློག་ཁང་ཁག་ལ་གཏོར་རྒོལ་བྱས་ནས་རྒྱལ་ཁབ་དེའི་མི་དམངས་ལ་གློག་བཅད། དགུན་གྱི་གྲང་ངར་ཁྲིད་དུ་ཡུཀ་རེན་མི་དམངས་རྣམས་འཁྱག་འཕྱིད་ཐེབས་སུ་བཅུག་ནས་ཨུ་རུ་སུར་མགོ་སྒུར་དུ་འཇུག་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་འདུག ཕུ་ཊིན་གྱི་སྲིད་དབང་དུས་ནམ་ཞིག་མཇུག་བསྒྲིལ་རྒྱུ་ཡིན་མིན་ནི་གསལ་པོ་ཞིག་བཤད་མི་ཐུབ་ཀྱང་ཡུན་རིང་འགོ་རྒྱུ་མ་རེད་ཅེས་སྨྲས།།

ཕུ་ཊིན་གྱི་གཏམ་བཤད་འབྲི་མཁན་ཟུར་པ་དང་ཨུ་རུ་སུའི་ཆབ་སྲིད་ཚན་རིག་པ་ཨ་བྷ་སི་གྷལ་ཡ་མོབ་ཀྱིས་དབྱིན་ཇིའི་བང་ཆེན་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་དམག་འཁྲུག་འདི་མྱུར་དུ་མཇུག་བསྒྲིལ་དགོས་པའི་ལྟ་ཚུལ་ཤུགས་ཆེན་པོ་བཟུང་འདུག མཐོ་རིམ་ལས་སྣེ་མང་ཆེ་བ་དོན་དངོས་ལ་བལྟ་ཐུབ་མཁན་ཤ་སྟག་རེད། ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དམག་འཁྲུག་འདི་མཚམས་འཇོག་བྱ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པར་མ་ཟད། ཨུ་རུ་སུ་རྦད་དེ་ཕམ་ན་ཧ་ཅང་གི་ཐབས་རྡུགས་ཤིག་ལ་འགྱུར་རྒྱུའི་འཇིགས་སྣང་བྱེད་ཀྱི་འདུག་ཅེས་བཤད། ཡིན་ནའང་ཕུ་ཊིན་གྱི་ཨ་ཕྲུག་དང་ཆེ་ཆི་ཎི་ཡའི་འགོ་ཁྲིད་རམ་ཛན་ཁ་ཌི་རོབ་དང་ཨུ་རུ་སུའི་སྒེར་དམག་ཝེ་གྷ་ནར་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གྷོ་ཞིན་གཉིས་ཀྱིས་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཇཱི་ར་སི་མོབ། ཨུ་རུ་སུའི་དམག་གི་འགོ་ཁྲིད་ཚོར་འཇོན་ཐང་མི་འདུག ཁོ་ཚོ་གནས་དབྱུང་གཏོང་དགོས་ཞེས་སྐྱོན་བརྗོད་བྱས་ནས་ཕུ་ཊིན་ལ་དབྱེིན་དཀྲུག་བྱེད་ཀྱི་ཡོད་ཅིང་། ཁོ་ཚོས་ཡུཀ་རེན་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་དགོས། ཨུ་རུ་སུ་རྒྱལ་ཡོངས་ལ་དམག་སྐུལ་བྱ་དགོས་པ་ཞེས་ངར་བསླངས་ནས་ཕུ་ཊིན་གྱི་གཤམ་འོག་གི་ལས་སྣེ་ཚོ་ཤོག་ཁག་གཉིས་སུ་ཆད་འདུག ཐ་ན་ཕུ་ཊིན་གྱིས་ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་ལའང་མགྲིན་དབྱངས་གཅིག་གྱུར་གྱི་གསར་འགྱུར་ཞིག་སྤེལ་དུ་འཇུག་ཐུབ་ཀྱི་མེད་པར་སྣང། དུས་ཚོད་འགྲོ་བཞིན་ཨུ་རུ་སུ་ཁྲིམས་མེད་ལུགས་མེད་ལྟ་བུ་ཞིག་ཏུ་འགྱུར་གྱི་འདུག་ཅེས་ལྟ་ཚུལ་བརྗོད། དེ་བཞིན་ཨུ་རུ་སུའི་ཆབ་སྲིད་ཉམས་ཞིབ་པ་སར་གྷེ་ཀུར་གྷིན་ཡན་གྱིས་བརྙན་འཕྲིན་ནང་དུ་དམག་འཁྲུག་ཆེན་པོ་འདི་འདྲ་ཞིག་བསླངས་དགོས་དོན་མེད། ད་ནི་ཕྱོགས་གང་ཐད་དུ་ཡག་པོ་ཞིག་ཡོང་གི་མི་འདུག་ཅེས་བསྒྲགས། ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ཁར་སན་གྲོང་ནས་མཐར་སྐྲོད་བཏང་བའི་རྗེས་སུ་ཕུ་ཊིན་གྱི་རྒྱབ་སྐྱོར་བ་དང་མི་རིགས་རིང་ལུགས་པ་ཚོས་ཀྱང་སྐྱོན་བརྗོད་བྱ་རྒྱུ་མགོ་བརྩམས། ལྷག་པར་དུ་ཕུ་ཊིན་གྱི་ཀླད་པ་ཞེས་འབོད་པའི་ཨུ་རུ་སུའི་མི་རིགས་རིང་ལུགས་པ་ཨ་ལིཀ་ཛན་ཌར་དྷུ་གྷིན་གྱིས་ཁར་སན་གྲོང་ནས་དམག་དཔུང་ཕྱིར་འཐེན་བྱས་པ་ནོར་འཁྲུལ་རེད་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༡༡་པའི་ཚེས་༢༢་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱི་ཉེ་འཁོར་དུ་ཡོད་པའི་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཚོས་སྲིད་འགྱུར་བཏང་སྟེ་དམག་འཁྲུག་འགོག་ཐབས་བྱ་རྒྱུ། ཁོ་ཚོས་ཕུ་ཊིན་མགོ་རྟིང་སློག་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཨཱོ་རི་ཛི་ཀོས་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གིས་ཕུ་ཊིན་མགོ་རྟིང་སློག་རྒྱུའི་ལྐོག་གྲོས་བྱེད་ཀྱི་འདུག ཁོ་ཚོའི་བདེ་འཇགས་ཆེད་དུ་མི་དེ་དག་སུ་སུ་ཡིན་མིན་ཕྱིར་བསྒྲགས་བྱ་རྒྱུ་མིན། ཕུ་ཊིན་གྱི་རྒྱབ་ལོགས་སུ་ལྐོག་གྲོས་མང་པོ་ཞིག་བྱེད་ཀྱི་འདུག མི་དེ་ཚོ་ཕུ་ཊིན་གྱི་འཁྲིས་དང་གོང་། གཤམ་འོག་བཅས་གང་དུ་ཡོད་ཀྱང་དམག་འཁྲུག་འདིས་ཉེན་ཁ་ཆེན་པོ་ཞིག་འཕྲད་དུ་འཇུག་རྒྱུ་ཡིན་པ་གསལ་པོ་རེད། ཁོ་ཚོས་ཕུ་ཊིན་བཙོངས་ནས་རང་སྲོག་སྐྱོབ་ཐབས་དང་སྔར་བཞིན་ཚོང་ལས་གཉེར། མི་དེ་དག་གིས་ནུབ་ཕྱོགས་སུ་བདེ་ལྡན་ཞིང་གི་འཚོ་བ་ལྟ་བུ་ཞིག་རོལ་ཡོད་པ་རྣམས་སླར་གསོ་བྱ་ཐབས་སུ་འབད་ངེས་རེད་ཅེས་རྩོམ་ཡིག་བྲིས། ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་ཌོ་ནེ་ཛིཀ་ས་གནས་སུ་ཨུ་རུ་སུའི་དམག་མི་བསད་པའི་ཕུང་པོ་རི་ལྟར་བརྩིགས། ཕུ་ཊིན་གྱི་ཁ་གཏད་པ་ཚོ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་པོ་ལན་ཌིར་འདུས་ནས་སྲིད་དབང་མགོ་རྟིང་སློག་རྒྱུའི་གྲོས་སྡུར་བྱེད་ཀྱི་འདུག མི་དེ་ཚོ་ཨུ་རུ་སུར་ངོ་རྒོལ་བྱེད་མཁན་ལས་འགུལ་བ་དང་ཨུ་རུ་སུའི་སྲིད་དོན་པ་ཟུར་པ་ཚོ་རེད། ཁོ་ཚོས་ཕུ་ཊིན་དངོས་སུ་གསོད་དགོས་ཐུག་སྲིད། འཇིགས་སྐུལ་རིང་ལུགས་པ་ཞིག་ལ་འཇིགས་སྐུལ་རིང་ལུགས་ཀྱི་དྲག་སྤྱོད་བསྟེན་ནས་ལན་པ་སློག་དགོས་པའི་གྲོས་སྡུར་བྱེད་ཀྱི་འདུག་ཅེས་གནས་ཚུལ་ཐོན།།

ཕྱི་ཟླ་༡༡་པའི་ཚེས་༢༤་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་སར་བྷི་ཡར་བྲོས་བྱོལ་དུ་བསླེབས་པའི་ཨུ་རུ་སུའི་སྐྱེས་ཕོ་མོ་ཇི་སྙེད་ཅིག་གིས་ཕུ་ཊིན་མགོ་རྟིང་སློག་ནས་སེ་བྷི་རི་ཡའི་བྱང་ཐང་དུ་རྒྱང་ཕུད་གཏོང་དགོས། ང་ཚོ་དམག་འཁྲུག་ལ་ངོ་རྒོལ་ཡོད་ཅེས་འཛེམ་ཟོན་མེད་པར་ཕུ་ཊིན་ལ་དགའ་མོས་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན། ༡༩༡༧་ལོར་ཨུ་རུ་སུར་དམར་ཤོག་གི་གསར་བརྗེ་ལངས་ནས་མི་ས་ཡ་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས། ད་ལོ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་ཨུ་རུའི་སྐྱེས་པ་འབུམ་ཕྲག་མང་པོ་དམག་ཁྲལ་ལ་གཡོལ་བར་ཕྱི་རྒྱལ་ལ་བཙན་བྱོལ་དུ་སོང་། ད་ལྟའི་བར་དུ་སིར་བྷི་ཡ་གཅིག་པུར་ཨུ་རུ་སུའི་སྤྱི་དམངས་འབུམ་༡་ལྷག་འབྱོར། མ་རི་ཡ་ནེབ་ཡོ་དོ་ཝ་ཞེས་ཞིག་གིས་གསར་འགོད་པར་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཐམས་ཅད་འགྱུར་བ་ཐེབས་སོང་། ང་ཚོའི་དཀའ་ངལ་ནི་དམག་འཁྲུག་གི་དཀའ་སྡུག་ཐད་ཀར་མྱོང་བཞིན་པ་ལྟར་མིན་རུང་མི་ཚེ་ལ་གཏད་སོ་མེད་པར་བཏང་སོང་ཞེས་བཤད། ཕྱི་ལོགས་སུ་བཙན་བྱོལ་དུ་འབྱོར་བའི་ཨུ་རུ་སུའི་མི་མང་གིས་ཉེན་རྟོག་པའི་འཛིན་བཟུང་དང་རྡུང་རྡེག་སོགས་ལ་སྐྲག་སྣང་བྱེད་མི་དགོས་པར་དམག་འཁྲུག་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་ཆོག་གི་ཡོད་པར་དགའ་བ་སྒོམ། ལོ་ན་༣༤་ལ་སོན་པའི་ས་ཤ་སེ་རེ་གྷི་ན་ཞེས་པ་ཞིག་གིས་ང་ཚོ་ཁྲོམ་གཞུང་དུ་བསྐྱོད་ནས་དམག་འཁྲུག་ལ་ངོ་རྒོལ་བྱེད་ཆོག་གི་ཡོད་པ་འདི་པ་སྐྱིད་ཅིག་རེད། མི་ཁག་ཅིག་གིས་ཉེན་རྟོག་པ་ཡོང་གི་ཡོད་མེད་ལྟ་ཡི་འདུག་ཟེར། ཨུ་རུ་སུའི་ཤེས་ཡོན་ཅན་དང་ལག་རྩལ་བ། འཕྲུལ་རིག་མཁས་པ་དང་ཆེད་ལས་པ་ཚོས་ཕུ་ཊིན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕྱིན་ཏེ་ཨུ་རུ་སུར་ལོ་བཅུ་ཕྲག་མང་པོར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG