ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་འཐུས་ཀྱི་ཚོགས་དུས་འཕར་མ་དེ་ཕྱི་ཚེས་༢༤་ཉིན་འཚོགས་རྒྱུ།


༄༅།། ཕྱི་ཟླ་༥་པའི་ཚེས་༡༦་ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་བོད་མི་མང་སྤྱི་འཐུས་ཚོར་ཕྱག་བྲིས་རེ་སྤྲིངས་ནས་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་དེ་ཕྱི་ཚེས་༢༠་ཉིན་འཚོགས་གཏན་ཁེལ་བ་ཕྱི་ཚེས་༢༤་བར་དུ་ཕར་འགྱངས་བྱས་པ་ཡིན། ཉིན་གཅིག་གི་སྔོན་ལ་སྤྱི་འཐུས་རྣམས་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་རྒྱུ་ཡིན་པས་ཕྱོགས་མཐའ་ཁག་ཏུ་བཞུགས་པའི་སྤྱི་འཐུས་ཚོས་ཕྱི་ཚེས་༡༧་ནས་༢༢་བར་དུ་ཏོག་དབྱིབས་ནད་དུག་བརྟག་དཔྱད་ཀྱི་གྲུབ་འབྲས་དང་གནམ་གྲུའི་ལག་འཁྱེར་བཅས་པ་གྲ་སྒྲིག་བྱས་ནས་ཕྱི་ཚེས་༢༢་མི་འགྱངས་པར་རྡ་སར་འབྱོར་དགོས་ཞེས་བཀོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་ཨ་ཅྱ་ཡི་ཤེས་ཕུན་ཚོགས་ལ་ཞལ་པར་ཐོག་ཏུ་བཅར་འདྲི་ཞུས་པར་གནད་དོན་དེ་སྤྱི་འཐུས་རྣམས་ལ་ཕུལ་བའི་ཕྱག་བྲིས་ཤིག་ཡིན་པ་ལས་བརྒྱུད་ལམ་ཁག་ཏུ་བགྲོ་གླེང་གནང་རྒྱུའི་ཆེད་དུ་མིན་ཞེས་ལན་འདེབས་བྱས་ནས་བཅར་འདྲིར་དང་ལེན་གནང་མ་སོང་། ཕྱི་ཟླ་༤་པའི་ཚེས་༢༧་ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་གྲོས་ཚོགས་འཕར་མ་དེ་ཕྱི་ཟླ་༥་པའི་ཚེས་༢༠་ཉིན་འཚོགས་གཏན་ཁེལ་ཡང་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཇེ་སྡུག་ཏུ་ཕྱིན་ནས་བཞུགས་སྒར་གནས་ཡུལ་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཕྱི་ཚེས་༧་ནས་༡༦་བར་དུ་འགྲིམ་འགྲུལ་བཀག་སྟེ་མི་ལྔ་ལས་མང་བ་འདུ་འཛོམ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་སོང་། དེར་བརྟེན་ཚོགས་དྲུང་ལས་ཁུངས་ཀྱིས་ཕྱི་ཟླ་༥་པའི་ཚེས་༡༠་ཉིན་སྤྱི་འཐུས་རྣམས་ཚོགས་འདུ་འཕར་མ་དེ་འཚོགས་ཐུབ་རྒྱུ་ཡིན་མིན་ཕྱི་ཚེས་༡༦་ཉིན་སྐབས་བསྟུན་གྱིས་གསལ་བསྒྲགས་སྤེལ་རྒྱུ་ཡིན་ཞེས་བསྒྲགས། ཕྱི་ཚེས་༡༥་ཉིན་ཧི་མ་ཅལ་མངའ་སྡེའི་བློན་ཆེན་རྣམས་ལྷན་འཛོམས་ཀྱིས་རང་གི་མངའ་ཁོངས་སུ་ཕྱི་ཚེས་༢༦་བར་དུ་འགྲིམ་འགྲུལ་བཀག་སྡོམ་ཕར་འགྱངས་བྱ་རྒྱུའི་ཐག་བཅད།།

ཧི་མ་ཅལ་མངའ་སྡེའི་གཞུང་གི་བཀོད་ཁྱབ་དང་ཀང་ར་རྫོང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཀྱང་ཟླ་བ་འདིའི་ཚེས་༢༦་བར་དུ་ལས་ཁུངས་སུ་འཛོམ་མ་དགོས་པར་ལས་བྱེད་ཚོས་རང་ཁྱིམ་དུ་རྒྱང་ལས་བྱེད་ཆོག་པ་དང་ནད་ཡམས་སྔོན་འགོག་གི་ལམ་སྟོན་ཁག་ཀུན་གྱིས་ལག་བསྟར་བྱ་དགོས་ཞེས་བཀོད་ཁྱབ་བཏང་སོང་། སྲིད་སྐྱོང་བློ་བཟང་སེངྒེས་འདེམས་ཐོན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་ཕྱི་ཚེས་༢༦་ཉིན་འཚོགས་གཏན་ཁེལ་ཡོད་ཅེས་ཁྱབ་བསྒྲགས་གནང་ཞིང་། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ཚེས་༡༤་ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ལ་འཚམས་འདྲི་དང་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༢་པའི་ནང་གསེས་༢ པའི་དགོངས་དོན་ལྟར་ཕྱི་ཟླ་༥་པའི་ཚེས་༣༠་ཉིན་སྤྱི་འཐུས་དམ་འབུལ་སླད་འདེམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཕྱི་ཚེས་༢༩་ ཉིན་རྡ་སར་ཕེབས་འབྱོར་དགོས་པའི་བརྡ་བཏང་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG