ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༤/༢༩

ལྷོ་ཀོ་རི་ཡས་རྒྱ་ནག་གི་གཞུང་ཚབ་པའི་གཏམ་སྤྱོད་ལ་སྐྱོན་བརྗོད། 


ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ། 
ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ། 

༄༅།། གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གྱིས་རྒྱ་ནག་གི་གཞུང་ཚབ་པའི་གཏམ་སྤྱོད་ལ་བལྟས་ན་ཁོ་པར་ཕན་ཚུན་བརྩི་བཀུར་རམ། ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཡར་རྒྱས་གཏོང་རྒྱུའི་འདུན་པ་ཞིག་མེད་པ་འདྲ་ཞེས་ཐེར་འདོན་བྱས་འདུག ཕྱི་ཟླ་༦་པའི་ཚེས་༡༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཡོན་སུག་ཡོལ་གྱིས་བློན་ཆེན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་གཞུང་ཚབ་པའི་གཏམ་སྤྱོད་ལ་ང་ཚོའི་མི་དམངས་རྣམས་དགའ་མོས་བྱུང་མི་འདུག་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན། ལྷོ་ཀོ་རི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཞཱིང་ཧེ་མཱིང་གིས་བདུན་ཕྲག་སྔོན་པའི་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ལ་ཐུག་འཕྲད་བྱས་ཤིང་། ཁོ་པས་རྒྱ་ནག་དང་ཨ་མི་རི་ཀའི་འཐབ་རྩོད་ནང་དུ་ལྷོ་ཀོ་རི་ཡས་གདམ་ཀ་མ་འཕྱུགས་པ་ཞིག་བྱ་དགོས། ལྷོ་ཀོ་རི་ཡས་རྒྱ་ནག་ལ་འབྲེལ་བ་བཅད་ནས་ཨ་མི་རི་ཀའི་ཕྱོགས་སུ་འགྲོ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ལྷོ་ཀོ་རི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཞཱིང་ཧེ་མཱིང་
ལྷོ་ཀོ་རི་ཡར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཞཱིང་ཧེ་མཱིང་

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་གི་གཞུང་ཚབ་པ་ཞཱིང་ཧེ་མཱིང་བཀའ་འགུགས་བྱས་ཏེ་གཏམ་སྤྱོད་དེ་འོས་འཚམས་ཤིག་གཏན་ནས་མ་རེད། ཁོ་པས་འཁྲུག་རྩོད་མི་སློང་བ་དང་ལྷོ་ཀོ་རི་ཡའི་ནང་སྲིད་ལ་ཐེ་ཇུས་མ་བྱས་ན་ལེགས་ཞེས་ཉེན་བརྡ་བཏང་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ནས་ཀྱང་གཞུང་ཚབ་པ་ཞཱིང་ཧེ་མཱིང་གིས་དོན་དངོས་ལ་འཁྱག་བཤད་བྱས་སོང་། རྒྱ་ནག་གཞུང་ནས་རང་གི་གཞུང་ཚབ་པའི་གཏམ་སྤྱོད་ལ་འོས་འཚམས་ཀྱི་ཐག་གཅོད་ཅིག་བྱ་རྒྱུ་དེར་ང་ཚོས་སྒུག་ཡོད་ཅེས་གསལ་བསྒྲགས་སྤེལ། ལྷོ་ཀོ་རི་ཡ་ནི་ལོ་བཅུ་ཕྲག་མང་པོར་ཨ་མི་རི་ཀའི་བློས་ཐུབ་ཀྱི་མཐུན་གྲོགས་ཤིག་ཡིན་པ་དང་རྒྱལ་ཁབ་དེའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་མི་༢༨༠༠༠་འགྲེམ་འཇོག འདི་དང་དུས་མཚུངས་སུ་ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་དཔལ་འབྱོར་འབྲེལ་བ་དམ་ཟབ་ཚུགས་ཏེ་ཚོང་ལས་ཀྱི་ཁེ་ཕན་ལའང་བལྟ་དགོས། ལྷག་པར་དུ་རྒྱ་ནག་གིས་བྱང་ཀོ་རི་ཡར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས་ལྷོ་ཀོ་རི་ཡས་ལོ་མང་རིང་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུར་འཛེམ་དགོས་པ་ཞིག་ཏུ་གྱུར།།

བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ལྷོ་ཀོ་རི་ཡའི་གཞུང་ཚབ་པ་འབོད་འགུགས་བྱས་པར་མ་ཟད། ལྷོ་ཀོ་རི་ཡའི་གཞུང་ནས་རྒྱ་ནག་གི་གཞུང་ཚབ་པའི་གཏམ་སྤྱོད་ལ་ཡི་རང་མ་བྱུང་བའི་རྣམ་འགྱུར་བསྟན་པར་བློ་འཚབ་ཡོད། དེ་ནི་བློ་ཁ་ཚིམས་པ་ཞིག་མ་རེད་ཅེས་ལན་པ་བསློགས། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་སྐད་ཆ་འཇམ་དུ་བཏང་ཡོད་པ་སྟེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་ལྷོ་ཀོ་རི་ཡའི་གསར་འགྱུར་ལས་ཁུངས་ཁག་ཅིག་གིས་གཞུང་ཚབ་པ་ཞཱིང་ཧེ་མཱིང་གི་གཏམ་སྤྱོད་ཐད་དོན་དངོས་མིན་པའི་གནས་ཚུལ་ཁག་ཅིག་སྤེལ། ཐ་ན་གཞུང་ཚབ་པ་ཞཱིང་ལ་ཐད་ཀར་ཁ་རྡུང་བཏང་བར་བློ་ཕམ་ཡོད། རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་བ་བརྟན་པོ་དང་བཟང་པོ་ཞིག་འཛིན་དགོས་པ་གནད་འགག་ཆེ། ང་ཚོས་ཕྱོགས་གཉིས་ཀྱི་ཁེ་ཕན་བསྒྲུབ་དགོས། ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་ལྟར་ལྷོ་ཀོ་རི་ཡས་ཀྱང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་བྱེད་པའི་རེ་བ་ཡོད་ཅེས་བཤད་འདུག

ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གྱི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོས་རྒྱ་ནག་གི་གཞུང་ཚབ་པ་ཞཱིང་ཧེ་མཱིང་ནི་དགའ་བསུ་ཞུ་སའི་མི་ཞིག་མ་རེད། ཁོ་པ་ལྷོ་ཀོ་རི་ཡ་ནས་ཕྱིར་ཕུད་གཏོང་དགོས་ཞེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་ཀིམ་སེག་ཀིས་གཞུང་ཚབ་པ་ཞཱིང་གིས་བཟོད་གསོལ་མ་ཞུས་པར་མུ་མཐུད་དུ་གཏམ་སྤྱོད་ངན་པ་སྤེལ་ཚེ། ང་ཚོས་ཁོ་པ་ལྷོ་ཀོ་རི་ཡ་ནས་ཕྱིར་ཕུད་གཏོང་རྒྱུའི་བསམ་ཞིབ་བྱ་དགོས་ཞེས་སྨྲས། ཁ་སང་གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་ཕྱིི་སྲིད་བློན་ཆེན་པག་ཅིན་ནས་རྒྱ་ནག་གི་གཞུང་ཚབ་པ་ཞཱིང་ཧེ་མཱིང་གི་གཏམ་སྤྱོད་དེ་ཕྱི་འབྲེལ་མི་སྣ་ཚོས་སྤྱོད་བཟང་དང་མཛའ་འབྲེལ་གོང་འཕེལ་གཏོང་དགོས་ཞེས་ཨོ་སི་ཊི་རི་ཡའི་རྒྱལ་ས་ཝི་ཡ་ནར་བཞག་པའི་རྒྱལ་སྤྱིའི་གྲོས་མཐུན་གྱི་དགོངས་དོན་དང་རྒྱབ་འགལ་རེད། ང་ཚོས་ཁོ་པ་ལྷོ་ཀོ་རི་ཡ་ནས་ཕྱིར་ཕུད་གཏོང་དགོས་བྱུང་ན་ལན་ཁག་རྣམས་དོ་བདག་རང་ཉིད་ཀྱིས་འཁུར་དགོས་པའི་གོ་བརྡ་གསལ་པོ་འཕྲོད་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕྱི་ཟླ་༦་པའི་ཚེས་༡༣་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡ་རྒྱ་ནག་ལ་བརྟེན་རྒྱུ་ཉུང་དུ་གཏོང་རྒྱུ་དང་དགོས་མཁོ་བྱུང་ན་རྒྱལ་ཁབ་དེའི་མི་བྱེད་པ་གསུམ་གྱི་སྲིད་ཇུས་ལའང་བསྐྱར་བཞིན་བྱ་རྒྱུ། ལྷོ་ཀོ་རི་ཡས་མི་བྱེད་པ་གསུམ་ནི་རྒྱལ་ཁབ་དེའི་ས་ཐོག་ཏུ་ཨ་མི་རི་ཀའི་འགོག་སྲུང་འཕུར་མདེལ་གྱི་མ་ལག་འཐོལ་པ་མི་འཛུགས་པ་དང་ལྷོ་ཀོ་རི་ཡ་ཨ་རིས་འགོ་ཁྲིད་པའི་འཕུར་མདེལ་གྱི་འགོག་སྲུང་སྒྲོམ་གཞིའི་ནང་དུ་མི་ཞུགས་པ། ལྷོ་ཀོ་རི་ཡ་ཨ་རི་དང་ཉི་ཧོང་གི་མཉམ་འབྲེལ་དམག་དོན་སྒྲིག་འཛུགས་ཁོངས་སུ་མི་ཞུགས་པ་བཅས་ཡིན་ཞིང་། ལྷོ་ཀོ་རི་ཡའི་ཏུང་ཨེ་ཉིན་རེའི་ཚགས་པར་ལ་རྒྱ་ནག་གིས་ལྷོ་ཀོ་རི་ཡར་བརྩི་འཇོག་མ་བྱས་ན་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། ལྷོ་ཀོ་རི་ཡའི་གཞུང་གིས་རྒྱ་ནག་ལ་རྦད་དེ་དཔལ་འབྱོར་དང་ཚོང་འབྲེལ་གཅོད་མི་ཐུབ་ཀྱང་རྒྱ་ནག་ལ་བསྙེ་རྒྱུ་ཤུགས་ཆུང་དུ་གཏོང་དགོས་ཞེས་ཆེད་བརྗོད་སྤེལ། ༢༠༡༧་ལོར་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་འགོག་སྲུང་འཕུར་མདེལ་བཙུགས་པའི་རྗེས་སུ་རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་འགྲོ་རྒྱུ་མགོ་བརྩམས།།

བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་ཕུར་མདེལ་སྣ་མང་ཞིག་ཚོད་ལྟ།
བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་ཕུར་མདེལ་སྣ་མང་ཞིག་ཚོད་ལྟ།

ཉེ་བའི་ལོ་ཤས་ཤིག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་ཕུར་མདེལ་སྣ་མང་ཞིག་ཚོད་ལྟ། ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨ་མི་རི་ཀ་རྣམས་རྩ་མེད་གཏོང་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པས་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་སྔར་ལས་ལྷག་པའི་ཉེན་ཁ་ཞིག་འཕྲད། སྲིད་འཛིན་ཡོན་སུག་ཡོན་གྱིས་ལྷོ་ཀོ་རི་ཡའི་བདེ་འཇགས་དོན་དུ་ཨ་མི་རི་ཀར་འབྲེལ་བ་བརྟན་པོ་ཞིག་འཛིན་དགོས། ཁོང་གིས་ཚོང་ལས་ཐོག་ཏུ་རྒྱ་ནག་ལ་འབྲེལ་བ་བཟང་པོ་ཞིག་དགོས། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་ནག་ནི་འཛམ་གླིང་གི་དངོས་ཟོག་བཟོ་ས་ཡིད་རྟོན་རུང་བ་ཞིག་མ་རེད། འཛམ་གླིང་གི་དངོས་ཟོག་བཟོ་སྐྲུན་གྱི་སྒྲོམ་གཞི་དེར་བསྐྱར་བཅོས་བྱ་དགོས་ཞེས་འབོད་སྐུལ་ཞུས་པར་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་འཐད་པ་ཡོད་པའི་རྣམ་འགྱུར་བསྟན། ད་དུང་ཨ་རིའི་གཞུང་གིས་ལྷོ་ཀོ་རི་ཡས་རྒྱ་ནག་ལ་ཡར་ཐོན་འཕྲུལ་ཆས་ཀྱི་ལྷུ་ལག་འཚོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲད། དེར་བརྟེན་རྒྱ་ནག་མ་དགའ་བར་ལྷོ་ཀོ་རི་ཡ་ར་སྐྱོན་བརྗོད་དང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ལྷོ་ཀོ་རི་ཡར་སྐད་ཆ་རྩུབ་པོ་བཤད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༡༩་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་འདུག སྲིད་འཛིན་ཡོན་སུག་ཡོལ་གྱིས་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་འབྲེལ་བ་སྲ་བརྟན། ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་ཡར་རྒྱས། ད་དུང་ལྷོ་ཀོ་རི་ཡ་དང་ནུབ་ཆིངས་ཀྱི་འབྲེལ་བ་ཡང་ཡར་རྒྱས་བཏང་སྟེ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་འགོག་ཐབས་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། སྲིད་འཛིན་ཡོན་སུག་ཡོལ་གྱིས་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་པ་དེ་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་གླེང་སློང་བྱས། དེ་ནས་རྒྱ་ནག་གིས་འཛེམ་ཟོན་མེད་པར་ལྷོ་ཀོ་རི་ཡའི་སྲིད་འཛིན་དང་གཞུང་འཛིན་ཚོགས་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ལྷོ་ཀོ་རི་ཡའི་སྲིད་འཛིན་ཨ་མི་རི་ཀར་འཚམས་འདྲིར་མ་ཕེབས་གོང་དུ་ཐེ་ཝན་གྱི་གནད་དོན་ནི་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་མིན་ཞིང་། དེ་ནི་བྱང་ཀོ་རི་ཡའི་གནད་དོན་ལྟར་རྒྱལ་སྤྱིའི་གནད་དོན་ཞིག་རེད་ཅེས་བཀྲལ།།

སྲིད་འཛིན་ཡོན་སུག་ཡོལ་གྱི་སྐད་ཆ་དེ་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ནི་རྒྱལ་སྤྱིར་འབྲེལ་བ་ཡོད་པ་ཞིག་རེད་ཅེས་འགྲེལ་བཤད་བརྒྱབ་པ་ཞིག་ཡིན་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་གཞུང་གིས་ཐེ་ཝན་གྱི་གནད་དོན་རྒྱ་ནག་གཅིག་གི་རྩ་དོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་པར་མ་མཐུན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན། ལྷོ་ཀོ་རི་ཡའི་གཞུང་ནས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱས་ནས་ཕྱོགས་གཉིས་བར་དུ་ཕྱི་འབྲེལ་བཙུགས་པ་བརྗེད་མེད་པའི་རེ་བ་ཡོད། ཐེ་ཝན་གྱི་གནད་དོན་འདིར་འགལ་འཛོལ་མེད་པའི་ལངས་ཕྱོགས་ཤིག་འཛིན་དགོས་ཞེས་གསལ་བསྒྲགས་སྤེལ། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཀྱང་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཨ་རི་དང་ཉི་ཧོང་ལ་འབྲེལ་བ་ཡར་རྒྱས་གཏོང་གི་འདུག་ཅེས་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ། ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གིས་སྲིད་འཛིན་ཡོན་སུག་ཡོལ་ནས་འཇིག་རྟེན་ཀུན་ཁྱབ་ཀྱི་རྩ་དོན་ཞིག་གླེང་བ་རེད། རྒྱ་ནག་གིས་དེ་ལ་དགག་པ་རྒྱག་གི་ཡོད་པར་ངོ་རྒོལ་ཡོད་ཅེས་དགག་ལན་བརྒྱབ་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG