ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༡༡/༢༩

བྱང་ཀོ་རི་ཡས་འཕུར་མདེལ་༢༣་འཕངས་ནས་ལྷོ་ཀོ་རི་ཡར་འཇིགས་སྐུལ། 


༄༅།། གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡས་འཕུར་མདེལ་༢༣་འཕངས་ནས་ལྷོ་ཀོ་རི་ཡར་འཇིགས་སྐུལ། འཕུར་མདེལ་གཅིག་ལྷོ་ཀོ་རི་ཡའི་མཚོ་འགྲམ་ནས་སྤྱི་ལོ་༦༠་ཡས་མས་ཤིག་གི་མཚམས་སུ་ཕོག འདི་ནི་༡༩༤༥་ལོར་ཀོ་རི་ཡའི་ཕྱེད་གླིང་ལྷོ་བྱང་གཉིས་སུ་དུམ་བུར་བགོས་པའི་རྗེས་སུ་བྱང་ཀོ་རི་ཡས་འཕངས་མྱོང་མེད་པའི་འཕུར་མདེལ་ཚོད་ལྟ་ཞིག་ཡིན་ཞིང་། གཟའ་ལྷག་པའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་ཨུ་ལེ་ཧུང་མཚོ་གླིང་གི་མི་མང་རྣམས་ས་དོང་ནང་དུ་ཉེན་གཡོལ་ལ་འགྲོ་དགོས་བྱུང་བ་དང་བྱང་ཀོ་རི་ཡའི་འཕུར་མདེལ་དེ་རྣམས་ལྷོ་ཀོ་རི་ཡའི་མཚོ་ཁོངས་སུ་ཕོག་མེད་ཀྱང་འཕུར་མདེལ་གཅིག་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་རྩོད་གཞིར་གྱུར་པའི་ས་གནས་ཤིག་ཏུ་བབས། དེར་བརྟེན་ལྷོ་ཀོ་རི་ཡས་འཕུར་མདེལ་གསུམ་འཕངས་ནས་བྱང་ཀོ་རི་ཡར་ལན་པ་བསློགས། ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གྱིས་འཕྲལ་དུ་མཐོ་རིམ་བདེ་འཇགས་མི་སྣ་ཚོ་ཚོགས་འདུར་བསྐོངས་ནས་ང་ཚོའི་མཚོ་ཁོངས་སུ་བྱང་ཀོ་རི་ཡའི་འཕུར་མདེལ་ཕོག་པ་ནི་ལྷོ་ཀོ་རི་ཡའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྡོག་བརྫིས་བཏང་བ་ཞིག་རེད། བྱང་ཀོ་རི་ཡར་ངེས་པར་དུ་ལན་པ་སློག་དགོས་ཞེས་བཀའ་ཕབ། ཚོགས་འདུ་དེར་ཞུགས་པའི་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ང་ཚོས་མི་༡༥༠་ཐམ་པ་རྡོག་བརྫིས་ཐེབས་པའི་རྐྱེན་ངན་གོད་ཆག་བྱུང་བར་གཞུང་འབྲེལ་གྱིས་མྱ་ངན་བྱེད་བཞིན་པའི་སྐབས་འདིར་བྱང་ཀོ་རི་ཡས་འཕུར་མདེལ་འཕངས་པ་ནི་རྒྱལ་ཁབ་དེའི་དམར་ཤོག་སྲིད་གཞུང་གང་འདྲ་ཞིག་ཡིན་མིན་ངོ་བོ་གསལ་སྟོན་བྱུང་བ་རེད་ཅེས་བློ་ཕམ་གྱི་རྣམ་འགྱུར་བསྟན། གཟའ་མཇུག་དེར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་འཆི་གསོན་དུས་ཆེན་ཚུགས་ནས་ཁྲོམ་ཚོགས་འདུས། མི་ཚོགས་ཁྲོད་དུ་མི་༡༥༠་ཐམ་པ་རྡོག་བརྫིས་ཐེབས་ནས་གྲོངས།།

གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་འཐབ་འཛིང་གནམ་གྲུས་བྱང་ཀོ་རི་ཡའི་ཕྱོགས་སུ་ཁ་གཏད་ནས་མཚོ་ནང་དུ་འཕུར་མདེལ་གསུམ་འཕངས། ལྷོ་ཀོ་རི་ཡའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གིས་བྱང་ཀོ་རི་ཡས་འཕུར་མདེལ་མང་པོ་འཕངས་པ་འདི་འདྲ་ནི་སྔོན་ཆད་བྱུང་མྱོང་མེད་པ་དང་ང་ཚོས་དེ་ལ་ནམ་ཡང་བཟོད་སྒོམ་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ། བྱང་ཀོ་རི་ཡའི་གཞུང་གིས་དེང་སྐབས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་ནི་བཙན་འཛུལ་གྱི་སྟ་གོན་རེད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ནས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ལ་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དུ་འཇུག་འཆར་ཡོད་ཅེས་བསྒྲགས། ༢༠༡༠་ལོར་བྱང་ཀོ་རི་ཡས་མེ་སྒྱོགས་བརྒྱབ་ནས་ལྷོ་ཀོ་རི་ཡའི་ཨུ་ལེ་ཧུན་གླིང་ཕྲན་ལ་གཏོར་རྒོལ་བྱས་པར་མ་ཟད། མཚོ་འོག་འཕུར་མདེལ་འཕངས་ནས་ལྷོ་ཀོ་རི་ཡའི་དམག་གྲུ་ཞིག་གཏོར་ཏེ་མི་༥༠་ཐམ་པར་སྲོག་སྐྱོན་ཕོག ཉེ་བའི་ཟླ་ཤས་ཤིག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ། ལྷོ་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱེད་ཆོག་པའི་བཅའ་ཁྲིམས་གཏན་འབེབས། བྱང་ཀོ་རི་ཡའི་རྒྱང་ཐག་ཉེ་བའི་འཕུར་མདེལ་རྣམས་ལྷོ་ཀོ་རི་ཡའི་ས་མཚམས་ཁག་དང་རྒྱལ་ཁབ་དེའི་ས་ཐོག་ཏུ་ཚུགས་ཡོད་པའི་ཨ་མི་རི་ཀའི་དམག་སྒར་ཁག་ལ་གཏོར་རྒོལ་བྱ་སྤྱད་དུ་བཟོས་པ་ཡིན་ཞིང་། ཉམས་ཞིབ་པ་ཁག་ཅིག་གིས་བྱང་ཀོ་རི་ཡས་འཇིགས་སྐུལ་དང་ངར་སྐད་ཇི་ལྟར་བསྒྲགས་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀར་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་རེད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ནི་རྒྱལ་ཁབ་དེའི་དམར་ཤོག་སྲིད་གཞུང་རྩ་མེད་འགྲོ་རྒྱུའི་སྔ་ལྟས་རེད་ཅེས་གླེང་།།

ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྱི་ཨེ་ཝ་ཧ་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་སི་ལེས་བྱང་ཀོ་རི་ཡས་འཕུར་མདེལ་འཕངས། ལྷོ་ཀོ་རི་ཡའི་ཨུ་ལེ་ཧུང་གླིང་གི་མི་དམངས་ལ་ཉེན་ཁའི་དུང་བརྡ་བཏང་བ་ནི་འཇིགས་སྐུལ་བྱ་རྒྱུའི་ཐབས་ཇུས་ཤིག་ཡིན་པ་འདྲ། ཁོ་ཚོས་ལྷོ་ཀོ་རི་ཡའི་མི་དམངས་ལ་སྡིགས་ར་བསྐུལ་ནས་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དུ་འཇུག་རྒྱུ་དང་ལྷོ་ཀོ་རི་ཡའི་གཞུང་གིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་དུ་འཇུག་ཐབས་ཤིག་ཡིན་ཤས་ཆེ། བྱང་ཀོ་རི་ཡའི་དམག་གི་སྟོབས་ཤུགས་རྒྱ་སྐྱེད་ཀྱི་ཡོད་པ་བློ་འཚབ་བྱེད་དགོས་པ་ཞིག་ཡིན་རུང་རྒྱལ་ཁབ་དེར་བསྟུན་མཁས་དང་རྡུལ་ཕྲན་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱ་རྒྱུ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་བསྟན། གཟའ་ལྷག་པའི་སྔར་དྲོར་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཧ་མ་དྷས་བྱང་ཀོ་རི་ཡའི་འབེན་ཕོག་འཕུར་མདེལ་གཉིས་ཁ་ཐུག་ཏུ་འཕུར་གྱི་ཡོད་པའི་རྣམ་པ་ཞིག་ཐོན་སོང་། བྱང་ཀོ་རི་ཡའི་KN-23་རྟགས་ཅན་གྱི་འཕུར་མདེལ་རྣམས་ཨུ་རུ་རུའི་ཨི་སི་ཀན་དྷར་འཕུར་མདེལ་ལ་མིག་དཔེ་བལྟས་ནས་བཟོས་པར་སྣང་། བྱང་ཀོ་རི་ཡའི་འཕུར་མདེལ་དང་པོ་དེ་རྒྱང་ཐག་སྤྱི་ལེ་༡༥༠་ལ་བསྙོབས་ཡོད་པ་དང་འཕུར་མདེལ་གཉིས་པ་དེ་སྤྱི་ལེ་༢༠༠་ལྷག་ལ་བསྙོབས་སོང་ཞེས་གསར་འགོད་པ་ཚོར་བཤད། ཉི་ཧོང་གི་སྲིད་བློན་ཀི་ཤི་དྷས་བྱང་ཀོ་རི་ཡར་མུ་མཐུད་དུ་འཕུར་མདེལ་ཚོད་ལྟ་བྱེད་དུ་བཅུག་ནས་ངན་ལང་ལ་གཏན་ནས་གཏོང་མི་ཉན་ཞེས་བསྡིགས། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གཞོན་པས་དེ་རིང་གཅིག་པུར་བྱང་ཀོ་རི་ཡས་འཕུར་མདེལ་བཅུ་ཕྲག་གཉིས་ལྷག་འཕངས་པ་རེད། ད་ལྟའི་བར་དུ་ཉི་ཧོང་རྒྱ་མཚོའི་ནང་དུ་འཕུར་མདེལ་༡༠༠་ཡས་མས་ཤིག་འཕངས་ཏེ་འཁྲུག་རྩོད་བསླངས། སྟབས་ལེགས་པ་ཞིག་ལ་བྱང་ཀོ་རི་ཡའི་འཕུར་མདེལ་དེ་རྣམས་ཉི་ཧོང་གི་ས་ཐོག་ཏུ་ཕོག་སྟེ་གཏོར་སྐྱོན་གང་ཡང་བྱུང་མ་སོང་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་དམག་གི་གནམ་གྲུ་༢༤༠་ལྷག་བཏང་ནས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་འདུག དམག་སྦྱོང་དེའི་ངོ་བོ་ནི་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུའི་སྟ་གོན་རེད། ཨ་རི་དང་ལྷོ་ཀོ་རི་ཡའི་དམག་སྦྱོང་ལ་ལན་པ་སློག་པར་བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ་བྱེད་ཀྱི་ཡོད་ཅེས་རྒྱུ་མཚན་བགྲངས། ཀིམ་ཇོང་ཨུན་གྱི་བློས་ཐུབ་དང་བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་དྲུང་ཆེ་པག་ཇོང་ཆོན་གྱིས་ཨ་རི་དང་ལྷོ་ཀོ་རི་ཡའི་དོགས་ཟོན་རླུང་འཚུབ་ཟེར་བའི་དམག་སྦྱོང་ཞིག་བྱེད་ཀྱི་ཡོད་པ་དེ་བཙན་དྲག་དང་འཁྲུག་སློང་གི་དམག་སྦྱོང་ཞིག་རེད། ཉེ་ཆར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་བཏོན་པའི་འཐབ་ཇུས་ཡིག་ཆའི་ནང་དུ་བྱང་ཀོ་རི་ཡའི་སྲིད་གཞུང་ཉམས་དམས་སུ་འགྲོ་རྒྱུ་དང་བྱང་ཀོ་རི་ཡས་ཨ་མི་རི་ཀའམ། ཡང་ན་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་ཚེ། བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་མགོ་རྟིང་སློག་དགོས་ཞེས་འཁོད་ཡོད་པ་རེད། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་དམག་དྲངས་ནས་བྱང་ཀོ་རི་ཡར་དཔུང་འཇུག་བྱས་ཀྱང་ང་ཚོར་ཞུམ་པ་མེད་པར་རང་གི་འཐབ་ཇུས་རྣམས་ལག་ལེན་བསྟར་རྒྱུ་དང་བྱང་ཀོ་རི་ཡའི་དམག་གིས་ལས་འགན་བསྒྲུབ་རྒྱུ་ཡིན་ཞེས་རྡུལ་ཕྲན་མཚོན་ཆས་སྡིགས་ར་བསྐུལ། ལྷོ་ཀོ་རི་ཡའི་གཞུང་གིས་ཀྱང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ན་རང་ཉིད་ཕུང་ལ་སྦྱོར་རྒྱུ་ཉག་གཅིག་རེད་ཅེས་ལན་བཏབ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་དེ་བྱང་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུའི་ཀུན་སློང་མིན། ང་ཚོའི་དམག་སྦྱོང་དེ་ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ཁོ་ནའི་ཆེད་དུ་ཡིན་ཅེས་འགྲེལ་བཤད་བརྒྱབ། གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་ཁང་གི་མགྲིན་ཚབ་པ་ཝ་ཊི་སན་གྱིས་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་ལོ་རེའི་མཉམ་འབྲེལ་དམག་སྦྱོང་གི་ངོ་བོ་བཙན་འཛུལ་དང་འཁྲུག་སློང་། བྱང་ཀོ་རི་ཡ་དམིགས་འབེན་དུ་འཛིན་པའི་དམག་སྦྱོང་ཞིག་རེད་ཟེར་གྱི་ཡོད་པར་མོས་མཐུན་མེད། བྱང་ཀོ་རི་ཡས་སྔར་བཞིན་ཉན་འཇོག་བྱེད་ཀྱི་མེད་པ་དང་ཨ་མི་རི་ཀས་རང་གི་མཐུན་གྲོགས་ཚོར་མཉམ་འབྲེལ་བྱས་ནས་བྱང་ཀོ་རི་ཡའི་དམག་གི་སྟོབས་ཤུགས་གཅོག་ཐབས་བྱ་རྒྱུ་ཡིན། བྱང་ཀོ་རི་ཡར་ཁྲིམས་འགལ་གྱི་མཚོན་ཆ་བཟོ་སྐྲུན་བྱེད་དུ་བཅུག་ནས་མངའ་ཁུལ་འདིའི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་དུ་འཇུག་རྒྱུ་མིན་ཞེས་ནན་བརྗོད་བྱས་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གཞུང་གིས་ང་ཚོར་ཚུར་རྒོལ་བྱུང་ན་རྒོལ་ལན་ཚུལ་བཞིན་སློག་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད། ཉི་ཧོང་གི་དམག་ལ་རྒོལ་ལན་ནན་པོ་སློག་ཐུབ་པའི་ནུས་པའང་ཡོད། བྱང་ཀོ་རི་ཡས་འཕུར་མདེལ་འཕངས་པ་དེ་༢༠༡༨་ལོར་ས་མཚམས་ཁག་ཏུ་འཁྲུག་རྩོད་སློང་རྒྱུ་མིན་པའི་གྲོས་མཐུན་བཞག་པར་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ༡༩༥༠་ཐམ་པ་དང་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དེ་ངང་འཐེན་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་པ་ལས་རྦད་དེ་དམག་འཁྲུག་མཇུག་སྒྲིལ་གྱི་ཆིངས་ཡིག་བཞག་མེད་ཅིང་། དེས་ན་ལོ་ངོ་༧༠་ཐམ་པའི་རྗེས་སུའང་ལྷོ་བྱང་ཀོ་རི་ཡ་གཉིས་ལ་རྒྱུ་རྐྱེན་ཕྲ་མོ་ཞིག་གིས་ཀྱང་དམག་འཁྲུག་སློང་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་མི་ཆོག་པ་དང་འཕུར་མདེལ་ཚོད་ལྟ་བྱེད་མི་ཆོག་པའི་གྲོས་ཆོད་བཞག་མོད། འོན་ཀྱང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་འཕུར་མདེལ་ཚོད་ལྟ། ད་ལོ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་ཧ་ཅང་མང་པོ་ཞིག་ཚོད་ལྟ་བྱས་ཤིང་། བྱང་ཀོ་རི་ཡས་འཕུར་མདེལ་འཕེན་གྱི་ཡོད་པའི་སྟབས་ཀྱིས་ལྷོ་ཀོ་རི་ཡའི་འགྲུལ་སྐྱེལ་གནམ་གྲུ་རྣམས་བྱང་ཀོ་རི་ཡ་དང་ཉི་ཧོང་གི་བར་གྱི་མཚོ་ཐོག་བརྒྱུད་ནས་འགྲིམ་འགྲུལ་བྱེད་ཀྱི་མེད་ཅེས་ཉེན་ཁར་གཡོལ་རྒྱུ་མགོ་བརྩམས། གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་ལི་ཇོང་སབ་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དང་ཉམས་ཞིབ་པ་ཚོས་ཀིམ་ཇོང་ཨུན་གྱིས་འཕུར་མདེལ་ཚོད་ལྟ་བྱས་ནས་བྱང་ཀོ་རི་ཡའི་སྟོབས་ཤུགས་ངོམ། ད་ལྟ་འཛམ་གླིང་འདིར་དམག་འཁྲུག་གི་ཛ་དྲག་ཆེ་བའི་སྐབས་སུ་བྱང་ཀོ་རི་ཡར་དོ་སྣང་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

XS
SM
MD
LG