༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་སྟེ་༢༠༠༩་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ཕྱོགས་ཡོངས་ནས་དྲག་གནོན་དང་དམ་དྲག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་འཛམ་གླིང་གི་ཁ་ཆེ་རྒྱལ་ཁབ་ཕལ་མོ་ཆེས་སྐྱོན་བརྗོད་དང་ངོ་རྒོལ། ཐ་ན་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པར་རྒྱལ་སྤྱིའི་ཐོག་ཏུ་གླེང་སློང་ཙམ་ཡང་བྱེད་ཕོད་ཀྱི་མེད་ཅིང་། ཕྱི་ཟླ་༡༢་པའི་ཚེས་༢༣་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་པའི་ནེའུ་ཛི་ལན་ཌི་རྒྱལ་ཁབ་ཀྱི་རཱག་བྷི་རྩེད་འགྲན་པ་གྲགས་ཅན་ཏེ། སོ་ཎི་བྷིལ་ཝི་ལིམ་སི་ཞེས་པ་ཞིག་གིས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་དེར་སྐྱོན་བརྗོད་བྱས་འདུག ཁོ་པས་མི་ཁག་ཅིག་གིས་དཔལ་འབྱོར་གྱི་ཁེ་ཕན་དོན་དུ་འགྲོ་བ་མིའི་རིན་ཐང་གི་རྩ་དོན་བློས་གཏོང་གི་ཡོད་པ་ནི་ཧ་ཅང་གི་ཐབས་རྡུགས་ཤིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག
ཝི་ལིམ་སི་ནི་མི་རིགས་དཀར་པོ་དང་ཁ་ཆེའི་ཆོས་ལུགས་སུ་བསྒྱུར་པ་ཞིག་ཡིན་ཞིང་། ཁོ་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་མ་བྱས་པའི་ཉིན་ཤས་སྔོན་དེར་དབྱིན་ཇིའི་ཨར་སི་ནལ་རྐང་རྩེད་ལྒང་ལིའི་རུ་ཁག་གི་རྩོད་པ་ཨུ་ཛིལ་ཏེ། ཏུར་ཀི་བ་ཞིག་གིས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་ཁ་ཆེའི་སྟོན་པའི་བཀའ་དེབ་མེར་སྲེག་གཏོང་གི་ཡོད་པ་དང་ལྷ་ཁང་རྣམས་སྒོ་བརྒྱབ་འདུག ཁ་ཆེའི་སློབ་གྲྭ་ཁག་ཚུགས་མི་ཆོག་པ་དང་ཕུ་ནུ་རྣམས་བཙན་ཤེད་ཀྱིས་ངལ་རྩོལ་སྒྱུར་བཀོད་བཙོན་སྒར་ཁག་ལ་གཏོང་གི་འདུག འཛམ་གླིང་གི་ཁ་ཆེ་ཚོས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཆང་འདུག་ཅེས་སྐྱོན་བརྗོད་ཀྱི་འཕྲིན་ཐུང་ཞིག་སྤེལ། དེར་བརྟེན་རྒྱ་ནག་གཞུང་གིས་རྩོད་འགྲན་པ་ཨུ་ཛིལ་ལ་ལན་པ་སློག་པར་ཨར་སི་ནལ་རྐང་རྩེད་ལྒང་ལིའི་རུ་ཁག་གི་འགྲན་བསྡུར་བྱས་པ་རྣམས་རྒྱ་ནག་ལ་བརྙན་འཕྲིན་ནང་དུ་སྟོན་རྒྱུ་བཀག རྒྱ་ནག་གི་ན་གཞོན་ཁག་ཅིག་གིས་སྲིད་གཞུང་གི་ཐག་གཅོད་དེར་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་རྩེད་འགྲན་པ་ཞིག་གིས་གནད་དོན་ངོ་མ་ཤེས་རྟོགས་མ་ཐུབ་པར་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་འོས་འཚམས་ཤིག་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག
ཝི་ལིམ་སི་ཡིས་ལག་པ་གཉིས་ཀྱི་རི་མོ་ཞིག་བྲིས་ནས་གཅིག་གི་ཐོག་ཏུ་ཤར་ཏུར་ཀི་སི་ཐན་གྱི་མཚོན་དོན་ཞིན་ཅང་གི་རྒྱལ་དར་གྱི་ཚོན་མདོག་བྱུགས་པ་དང་། ལག་པ་གཞན་དེར་རྒྱ་ནག་གི་མཚོན་དོན་སྐར་ལྔའི་དར་དམར་གྱི་ཚོན་མདོག་བྱུགས། སྐར་ལྔའི་དར་དམར་གྱི་ཚོན་མདོག་བྱུགས་པའི་ལག་པ་དེས་ཞིན་ཅང་གི་རྒྱལ་དར་གྱི་ཚོན་མདོག་བྱུགས་པའི་ལག་པ་དེ་བཙིར་ནས་ཁྲག་དམར་འཛར་གྱི་ཡོད་པ་ཞིག་བྲིས་ནས་དྲྭ་ལམ་དུ་སྤེལ་ཡོད་པར་མ་ཟད། རྐང་རྩེད་ལྒང་ལི་རྩེད་འགྲན་པ་གྲགས་ཅན་ཨུ་ཛིལ་གྱིས་འཕྲིན་ཐུང་དེའི་རྒྱབ་ལྗོངས་སུའང་ཤར་ཏུར་ཀི་སི་ཐན་ནམ། ཞིན་ཅང་གི་རྒྱལ་དར་གྱི་རི་མོ་བྲིས་ནས་དྲྭ་ལམ་དུ་སྤེལ་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཤིང་། རྒྱ་ནག་གཞུང་གིས་ཨུ་ཛིལ་སོགས་གསར་འགྱུར་རྫུན་མ་དེ་ཚོར་མགོ་འཐོམས་པ་རེད། ཁོ་པ་དངོས་སུ་ཞིན་ཅང་གི་གནས་སྟངས་ལ་རྟོག་ཞིབ་བྱེད་དུ་ཡོང་ཆོག་ཅེས་ཏུར་ཀི་བ་རྐང་རྩེད་ལྒང་ལིའི་རྩེད་འགྲན་པ་གྲགས་ཅན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དགག་པ་བརྒྱབ་འདུག
མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་དབྱིན་ཇི་སོགས་ཀྱིས་ལོ་འདིའི་ཕྱི་ཟླ་༧་པར་ཐུན་མོང་གི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པར་ཁ་རྡུང་བཏང་བ་དང་ཨ་རིའི་གྲོས་ཚོགས་འོག་མས་རྒྱ་ནག་གཞུང་གིས་རང་སྣང་གང་དྲན་གྱི་སྒོ་ནས་ཞིན་ཅང་གི་ཡུ་གུར་བ་རྣམས་འཛིན་བཟུང་དང་བཀག་ཉར། ཁོ་ཚོར་སུན་གཙེར་ཚབས་ཆེན་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་ཀྱི་གྲོས་ཆོད་བཞག ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་གྲོས་ཚོགས་གོང་མ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱབ་སྐྱོར་འཐོབ་དགོས། ༢༠༡༨་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཙོན་ར་ཆེན་པོ་ཞིག་ཏུ་སྒྱུར་གྱི་འདུག ཡུ་གུར་བ་རྣམས་འགོག་ཉར་བྱ་ཡུལ་བཙོན་སྒར་དེ་རྣམས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་བཟུང་། འགྲོ་བ་མིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་བཙོན་སྒར་ཆེན་པོ་ཞིག་ཡིན་པ་རྩད་གཅོད་ཐུབ། བཀག་ཉར་ཁང་དེ་དག་གི་ནང་དུ་རྒྱ་གཞུང་གི་ལས་བྱེད་པ་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་ཐུབ་དགོས། ཡུ་གུར་བ་ཚོ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་གཞུང་དྲང་བློ་དཀར་ཡིན་དགོས། ཡུ་གུར་བ་ཚོས་ཆོས་རང་གི་ལུགས་དད་མོས་དང་རིག་གཞུང་སོགས་རྒྱབ་ཏུ་བསྐྱུར་རྒྱུ་ཡིན། ཁོ་ཚོས་རྒྱ་ཡིག་རྒྱ་སྐད་དང་རྒྱ་ནག་གི་སྲོལ་རྒྱུན་སྲིག་གཞུང་ལ་སློབ་སྦྱོང་བྱས་ནས་རྒྱ་མི་རིགས་ལ་མཉམ་འདྲེས་བྱ་རྒྱུའི་ཁས་ལེན་བྱེད་དུ་འཇུག་གི་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཞིན་ཅང་གི་ཡུ་གུར་བ་ཚོར་སྐད་ཡིག་དང་ལག་ཤེས་སློབ་སྦྱོང་སྤྲོད་ཀྱི་ཡོད། ཁོ་ཚོར་མི་ཚེའི་མདུན་ལམ་གསར་པ་ཞིག་བསྐྲུན་ནས་ལམ་ལོག་ཏུ་འཕྱན་མི་དགོས་པ་ཞིག་བྱེད་ཀྱི་ཡོད། ལག་ཤེས་དང་སྐད་ཡིག་སློབ་གྲྭ་དེ་ཚོར་སློབ་སྦྱོང་བྱེད་དུ་ཡོང་མཁན་རྣམས་སོ་སོ་དང་བླངས་ཐོག་ཏུ་ཡོང་བ་ཞིག་རེད་ཅེས་བཀྲལ། འོན་ཀྱང་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་ལ་ཞིན་ཅང་ནས་ཕྱི་ལ་བཀྲམ་པའི་བརྙན་འཕྲིན་ཞིག་ལག་སོན་བྱུང་ཡོད་པ་དེར་ཡུ་གུར་བ་ཚོ་བཙོན་དུ་བཅུག་ནས་མནར་གཅོད་གཏོང་བ་དང་ཆབ་སྲིད་ཀྱི་སློབ་གསོ་བཏང་ནས་བསམ་བློ་སྒྱུར་བཀོད་གཏོང་བ། བཀག་ཉར་ཁང་དེ་དག་གི་ནང་དུ་ཉིན་མཚན་དུས་དྲུག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱས་པ། ཡུ་གུར་བ་དེ་དག་གི་མགོ་ལ་གློག་རྒྱུག་གཞུས་པ་དང་ཁ་ཆེ་ཚོར་བཙན་གྱིས་ཕག་ཤ་ཟ་རུ་འཇུག་པ། ཡུ་གུར་བའི་བུད་མེད་ན་གཞོན་མ་ཁག་ཅིག་ལ་བཙན་གཡེམ་བྱེད་ཀྱི་ཡོད་པའི་གནས་ཚུལ་སོགས་ཐོན། ཞིན་ཅང་གི་བཀག་ཉར་ཁང་དུ་ཚུད་པ་དེ་རྣམས་ཕ་མ་དང་བཟའ་ཟླ་སོགས་ཀྱིས་འཆི་གསོན་ཅི་ཡིན་དང་གར་ཡོད་རྩད་གཅོད་བྱེད་མི་ཐུབ་ཅིང་། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཐར་པའི་ཡུ་གུར་བ་ཚོས་ཤུལ་ལུས་བཟའ་མི་ཚོར་གནོན་ཤུགས་སྤྲད་ནས་ཡུལ་བྱོལ་བ་རྣམས་ཞིན་ཅང་ལ་ཕྱིར་ལོག་བྱ་དགོས་པའི་འབོད་འགུགས་བྱེད་དུ་འཇུག་གི་ཡོད་པ་རེད།
ཉེ་ཆར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ལས་དོན་ལ་བསྐྱར་ཞིབ་བྱས་པའི་ཡིག་ཆ་ཞིག་ཕྱི་ལ་འཁྱར་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གཞུང་གིས་བཀག་ཉར་ཁང་དེ་དག་གི་ནང་ནས་ནམ་ཡང་བྲོས་བྱོལ་ལ་འགྲོ་རུ་འཇུག་མི་ཉན། སྒྲིག་ཁྲིམས་དམ་དུ་ཐོངས། སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་བ་དེ་ཚོར་ཁྲིམས་གཅོད་བྱོས། བཤགས་སྡོམ་དང་ནག་ཉེས་ངོས་ལེན་བྱེད་མཁན་ཚོ་གུ་ཡངས་ལ་གཏོང་རྒྱུ་ཡར་རྒྱས་གཏོང་དགོས། རྒྱ་ཡིག་རྒྱ་སྐད་སློབ་རྒྱུ་གཙིགས་སུ་འཛིན་དགོས། སློབ་ཕྲུག་དེ་ཚོར་ཁ་ཞེ་གཉིས་མེད་ཀྱི་འགྱུར་བ་ཐེབས་པའི་ཐབས་སུ་བརྩོན་དགོས། ཉལ་ཁང་དང་འཛིན་གྲྭ། དེ་མིན་གྱི་ས་གནས་ཡོད་དོ་ཅོག་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱ་རྒྱུར་ལྷོད་གཡེང་འཆོར་མི་ཉན་ཞེས་ལམ་སྟོན་སྒྲིག་གཞི་གཏན་འབེབས་བྱུང་། ཡིན་ནའང་དབྱིན་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཡིག་ཆ་དེ་ཚོ་རྫུན་མ་རེད་ཅེས་དགག་པ་བརྒྱབ། ཉམས་ཞིབ་པ་ཚོས་ཞིན་ཅང་གི་ཡིག་ཆ་ཕྱི་ལ་འཁྱར་པ་རྣམས་ཡིག་ཆ་ངོ་མ་ཡིན་པ་བདེན་དཔང་བྱེད་ཐུབ་ཀྱི་ཡོད་པ་རེད།།