ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༠༢/༠༧

རྒྱ་ནག་མི་མང་དུང་ཕྱུར་༦་ལ་ཏོག་དབྱིབས་ནད་དུག་འགོས། 


༄༅།། ཕྱི་ཟླ་༡༢་པ་དེར་རྒྱ་ནག་མི་མང་བརྒྱ་ཆ་༤༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ཟིན་ཡོད་ཅིང་། པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཁག་གི་པུར་སྲེག་ཁང་དང་པུར་ཁང་ཁག་ཏུ་མིའི་ཕུང་པོ་སྲེག་མི་ཚར་བ་དང་ཕུང་པོ་འཇོག་ས་མེད་པའི་དཀའ་ངལ་འཕྲད་བཞིན་པ་ཚབས་ཆེ་རུ་འགྲོ་ཡི་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་ཕྱི་ཚེས་༤་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་རྒྱ་ནག་གི་སྨན་པ་མཁས་པ་ཚོའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ཡོད་པ་དེའི་ཁོངས་ནས་མི་གྲངས་དུང་ཕྱུར་༤་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་འདུག ད་དུང་ཡང་མི་གྲངས་དུང་ཕྱུར་༡༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོ་རྒྱུ་རེད་ཅེས་བསྟན། གསར་འགྱུར་ལས་ཁུངས་ཁག་ཅིག་གིས་རྒྱ་ནག་མི་མང་དུང་ཕྱུར་༦་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་ཡོད་པའི་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་ནད་པ་དང་འཆི་སྐྱོན་གྱི་གྲངས་འབོར་ཅི་བྱུང་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་ཉིན་ལྟར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཅི་ཙམ་ཐོན་གྱི་ཡོད་མེད་དང་མི་ཅི་ཙམ་ཏོག་དབྱིབས་ནད་དུག་གིས་འཆི་ཡི་ཡོད་མེད་ཕྱོགས་བསྡོམས་བྱེད་དཀའ་ཞིང་། ཟླ་བ་སྔོན་མའི་ཚེས་༧་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་མི་གྲངས་དུང་ཕྱུར་མང་པོར་ཏོག་དབྱིབས་ནད་དུག་འགོ་ཡི་ཡོད་པ་དང་མི་ཁྲི་ཚོ་མང་པོར་འཆི་སྐྱོན་འཕོག་གི་ཡོད་པ་རྩོད་མེད་དུ་གྱུར། པེ་ཅིང་ལ་མི་འབོར་ས་ཡ་༢༢་ཡོད་པ་དེའི་ཁོངས་ནས་མི་གྲངས་བརྒྱ་ཆ་༨༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས། ཧྲང་ཧེ་གྲོང་ཁྱེར་ལ་མི་འབོར་ས་ཡ་༢༥་ཡོད་པ་དེའི་ཁོངས་ནས་མི་གྲངས་བརྒྱ་ཆ་༧༠་ལྷག་ལ་ནད་དུག་འགོས། རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཏུ་ཉུང་མཐར་ཡང་མི་འབོར་བརྒྱ་ཆ་༥༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༣་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྲང་ཧེ་གྲོང་ཁྱེར་གྱི་རྒན་མོ་ཞིག་གི་ཕུང་པོ་ཞུགས་འབུལ་བྱ་ཡུལ་མ་ཐོབ་པར་ཉི་མ་ལྔར་ཁྱིམ་དུ་ལུས། རྒྱ་མོ་དེའི་ཉེ་འབྲེལ་ཞིག་གིས་དགུན་ཁའི་དུས་ཚོད་ཡིན་པ་སྟབས་ཡག་བྱུང་། གལ་སྲིད་དབྱར་དུས་ཡིན་ན་ཕུང་པོ་རུལ་ཏེ་བཟའ་མི་རྣམས་ཁྱིམ་དུ་འདུག་མི་ཐུབ་པར་གྱུར་ཡོད་ཤས་ཆེ། མཐའ་མཇུག་ང་ཚོར་ཕུང་པོ་ཞུགས་འབུལ་བྱ་རྒྱུའི་རེ་མོས་ཐོབ་སྟེ་དཀའ་ངལ་སེལ་ཐུབ་སོང་ཞེས་སྨྲས། གཟའ་མཇུག་དེར་ལུང་ཧྭ་པུར་སྲེག་ཁང་གིས་ཕུང་པོ་༥༠༠་ལྷག་འབྱོར་བྱུང་། འདི་ནི་དུས་རྒྱུན་གྱི་ཕུང་པོ་ཞུགས་འབུལ་ལས་ལྡབ་ལྔ་མང་དུ་ཕྱིན་ཡོད་པས་ཕུང་པོ་སྲེག་ཚར་ས་མ་རེད་ཅེས་བརྡ་ཐོ་བཀྲམ། འདས་པོ་གང་ཞིག་གི་ཕུང་པོ་ཞུགས་འབུལ་བྱ་རྒྱུའི་རེ་མོས་ཐོབ་པའི་རྗེས་སུ་ཤུལ་ལུས་བཟའ་མི་ཚོར་དུས་ཡུན་སྐར་མ་བཅུའི་མྱ་ངན་གྱི་དུས་ཚོད་ལས་མ་སྤྲད་པར་ཕུང་པོ་རྣམས་སྲེག་ཐབ་ནང་དུ་རྫོང་གི་ཡོད་པའི་གནས་ཚུལ་ཐོན། ཧྲང་ཧེའི་པུར་སྲེག་ཁང་ཞིག་གི་ལས་བྱེད་པ་ཞིག་གིས་མི་གྲོངས་པའི་ཕུང་པོ་མང་དྲགས་ཏེ་ཨར་བརྟེན་གྱི་མི་འདུག ང་ཚོར་འདི་འདྲའི་བྲེལ་བ་ཞིག་ཚུགས་མྱོང་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། དེང་སྐབས་རྒྱ་ནག་རྒྱལ་ཡོངས་ཀྱི་པུར་སྲེག་ཁང་དེ་དག་གི་ནང་དུ་ཕུང་པོ་ཞུགས་འབུལ་བྱས་ནས་ཚར་གྱི་མེད་པའི་གནས་ཚུལ་ཡོངས་གྲགས་ཡིན་རུང་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་བཅུ་གྲངས་མ་གཏོགས་ཤི་མེད་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོག་ཐབས་མེད་པའི་མཚམས་སུ་བསླེབས་པའི་སྐབས་དེར་ནད་འགོག་གི་སྲིད་ཇུས་ཕྱིར་བསྡུ་བྱས་པ་དང་ཚབས་ཆེའི་འགོས་ནད་དེ་ཆམ་ནད་ཅིག་རེད་ཅེས་འགྲེལ་བཤད་ལོག་པ་རྒྱག་གི་ཡོད་པའི་སྐྱོན་འཛུགས་བྱས་འདུག

རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཀྱི་འགན་འཛིན་ཟུར་པ་ཙེང་ཀྭང་གིས་ཨེ་ཤི་ཡའི་དུས་བབ་ཚགས་པར་གྱི་གསར་འགོད་པར་རྒྱ་ནག་གི་གྲོང་ཁྱེར་མང་ཆེ་བས་མི་འབོར་བརྒྱ་ཆ་༥༠་ནས་༤༠་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་སོང་ཞེས་གསལ་བསྒྲགས་སྤེལ་གྱི་འདུག རྒྱ་ནག་གི་མི་འབོར་ལ་གཞིགས་ན་ནད་པའི་གྲངས་འབོར་ཚབས་ཆེན་ཞིག་མ་རེད་ཅེས་བཀྲལ། ཉེ་ཆར་དབྱིན་ཇིའི་ཨེར་ཧྥི་ཎི་ཊི་ཞིབ་འཇུག་ཁང་གིས་རྒྱ་ནག་པ་དུང་ཕྱུར་༥་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་ཉིན་ལྟར་མི་༩༠༠༠་ཡས་མས་རེ་ནད་དུག་གིས་འཆི་ཡི་འདུག་ཅེས་སྙན་ཐོ་བཏོན། པེ་ཅིང་སློབ་གྲྭ་ཆེན་མོའི་སྐྱེ་ལྡན་རྫས་སྦྱོར་རིག་པ་བ་དང་སློབ་དཔོན་ལས་རོགས་ཚའོ་ཡུན་ལོང་གིས་ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་འདིའི་ཉེན་ཚབས་ལ་རྒྱ་ནག་གཞུང་གིས་སྣང་ཆུང་བྱས་པ་རེད། ཨོ་མཱི་ཀོ་རན་ནི་ཐོག་མའི་ཏོག་དབྱིབས་ནད་དུག་དང་དེའི་རྗེས་སུ་ངོ་བོ་འགྱུར་བའི་ཌལ་ཊ་ཏོག་དབྱིབས་ནད་དུག་ལྟར་མིན་རུང་མིའི་ཚེ་སྲོག་ལ་སྡོ་བ་གཅིག་མཚུངས་རེད་ཅེས་བསྟན། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཁང་གིས་ནད་པ་གསར་པ་༤༨༠༤་ཐོན་སོང་། མི་༣་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག་སོང་ཞེས་གཞི་གྲངས་ཤིག་བཏོན། རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་ཟུར་པ་དང་ནད་ཡམས་བརྟག་དཔྱད་རིག་པ་བ་ལེང་ཝན་ནན་གྱིས་ནད་ཡམས་ཚབས་ཆེན་ཞིག་ཁྱབ་ཀྱི་ཡོད་པའི་སྐབས་འདིར་མི་ཅི་ཙམ་ལ་འཆི་སྐྱོན་ཕོག་ཡོད་མེད་གྲངས་ཀ་རྩིས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། རྒྱ་ནག་ལ་ནད་ཡམས་འཇོམས་པའི་རྗེས་སུ་ད་གཟོད་མི་ཅི་ཙམ་ལ་འཆི་སྐྱོན་བྱུང་ཡོད་མེད་ཤེས་རྟོགས་ཐུབ་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད་འདུག

བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ཉིན་ལྟར་མི་གྲངས་ཅི་ཙམ་ཏོག་དབྱིབས་ནད་དུག་གིས་འཆི་ཡི་ཡོད་མེད་གསལ་པོ་མེད་མོད། འོན་ཀྱང་ཕྱི་ཟླ་དང་པོའི་ཟླ་དཀྱིལ་དུ་ཉུང་མཐར་ཡང་ཉིན་ལྟར་མི་༢༥༠༠༠་རེར་འཆི་སྐྱོན་འཕོག་སྲིད་པའི་ཉེན་ཁ་ཆེ། རྒྱ་ནག་གི་ལོ་སར་དུས་སུ་མི་གྲངས་དུང་ཕྱུར་མང་པོ་འགྲིམ་འགྲུལ་བྱས་ནས་ནད་རླབས་གཉིས་པ་ཞིག་འཕྱུར་རྒྱུ་ཟློག་ཐབས་བྲལ། འདས་པའི་ལོ་གསུམ་གྱི་རིང་ཞིས་ཅིན་ཕིང་ནས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ནི་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ནད་འགོག་སྲིད་ཇུས་ལས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞེས་སྤོབས་པ་བསྐྱེད། ད་ལྟ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་དཔལ་འབྱོར་ཉམས་རྒུད་དང་མང་ཚོགས་ཀྱིས་ནད་འགོག་སྲིད་ཇུས་ལ་ངོ་རྒོལ། ལྷག་པར་དུ་རྒྱ་ནག་མི་དམངས་དུང་ཕྱུར་མང་པོར་ནད་དུག་འགོས་པ་དང་མི་ཁྲི་ཚོ་མང་པོར་འཆི་སྐྱོན་ཕོག་སྟེ་ཞིས་ཅིན་ཕིང་གཉའ་ཆག ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ངོས་ལེན་བྱས་པར་མ་ཟད། ད་དུང་ཡང་རྒྱ་ནག་ལ་དཀའ་ངལ་སྔར་ལས་ཆེ་བ་ཞིག་འཕྲད་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཞིང་། བདུན་ཕྲག་སྔོན་མར་པེ་ཅིང་གི་ཉེན་རྟོག་པ་ཚོས་མཱི་ཡུན་དང་ཧུ་ཨེ་རུག་པུང་སྲེག་ཁང་གཉིས་ཀྱིས་ཉིན་ལྟར་ཕུང་པོ་༡༤༠་ནས་༡༥༠་རེ་སྲེག་གི་འདུག ཕུང་པོ་སྲེག་པའི་རེ་མོས་ཐེམས་ཀྱི་མི་འདུག་ཅེས་མི་ཁག་ཅིག་རང་ཁྱིམ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་ཐོན། རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་དང་སྨན་ཁང་ཁག་ཏུ་ནད་པ་ཛ་དྲག་ཅན་རྣམས་སྙལ་ས། འདས་པོ་རྣམས་ཀྱི་ཕུང་པོ་བསྲེག་ས་རྙེད་ཀྱི་མེད་པའི་དཀའ་ངལ་ནི་རྒྱུན་འབྱམས་སུ་གྱུར་འདུག་ཅེས་སྐད་འཕྲིན་ཚོགས་པ་ཁག་གི་ནང་དུ་བསྒྲགས།།

གཟའ་ཟླ་བའི་ཉིན་པེ་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དབྱིན་ལིས་ནད་ཡམས་ཀྱི་མདུན་དུ་ཐོན་མཁན་སྨན་པ་དང་སྨན་ཞབས་པ་ཚོས་མི་ལ་འཆི་སྐྱོན་འཕོག་རྒྱུ་ངེས་པར་དུ་འགོག་ཐབས་བྱ་དགོས་ཞེས་བཤད་ཀྱང་པེ་ཅིང་དུ་མི་ཅི་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་ཡོད་མེད་གསལ་བསྒྲགས་མ་བྱུང་། ཁོང་གིས་སྨན་ཁང་ཁག་གི་ཉལ་ཁྲི་དང་ནད་པའི་གྲངས་འབོར་ལ་གཞིགས་ཚེ། ཝུ་ཧན་གྲོང་ཁྱེར་དུ་ནད་པ་ཚབས་ཆེན་ཁྲི་ཚོ་༧་ལྷག་དང་ཆིང་ཏའོ་ས་གནས་སུ་ནད་པ་ཚབས་ཆེན་༤༨༧༠༠་ཡོད་པ་ཚོད་དཔག་བྱེད་ཐུབ་ཅེས་བཤད། རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཀྱི་འགན་འཛིན་ཟུར་པ་ཙེང་ཀྭང་གིས་ནད་དུག་འགོ་ཁྱབ་མྱུར་པོ་འགྲོ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པ་དང་ང་ཚོས་པེ་ཅིང་གི་མི་འབོར་བརྒྱ་ཆ་༣༠་ཙམ་ལ་ནད་དུག་འགོ་རྒྱུའི་ཚོད་དཔག་བྱས་པ་ཡིན། ཡིན་ནའང་པེ་ཅིང་གི་མི་འབོར་བརྒྱ་ཆ་༨༠་ལྷག་ལ་ནད་དུག་འགོས་འདུག ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་མི་དམངས་དུང་ཕྱུར་༦་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་འདུག་ཅེས་བསྡོམས་བརྒྱབ། ཧྲང་ཧེའི་ཧྭ་ཧྲན་སྨན་ཁང་གི་འགན་འཛིན་ཀྲང་ཝེན་ཧུང་གིས་ཕྱི་ཟླ་དང་པོའི་ཚེས་༢༢་ཀྱི་མཚམས་སུ་རྒྱ་ནག་མི་མང་བརྒྱ་ཆ་༨༠་ལྷག་ལ་ནད་དུག་འགོ་ཡི་རེད། རྒྱ་ནག་གི་ལོ་སར་དུས་སུ་མི་ཚོགས་འདུས་ནས་དགའ་སྟོན་ལ་རོལ་རྒྱུར་གཡོལ་དགོས་ཞེས་འབོད་སྐུལ་ཞུས། ཉེ་དུས་ཤིག་ནས་རྒྱ་ནག་ལ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་དེ་ཨོ་མཱི་ཀོ་རོན་ཡིན་ནམ། ཡང་ན་ཏོག་དབྱིབས་ནད་དུག་གསར་པ་ཞིག་མིན་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱེད་ཀྱི་མེད་པས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་སླར་ཡང་འཛམ་གླིང་ཧྲིལ་པོ་ནད་ཡམས་ཀྱི་དཀའ་ངལ་འོག་ཏུ་རྫོང་སྲིད་ཅེས་བློ་འཚབ་དང་དོགས་ཟོན། རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོར་དམིགས་བསལ་གྱིས་བརྟག་དཔྱད་བྱ་དགོས་པར་གྱུར།།

ཕྱི་ཟླ་དང་པོའི་ཚེས་༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དབྱིན་ཇི། ཁེ་ན་ཌ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་རྒྱ་གར། མོ་རོ་ཀོ་དང་ཨོ་གླིང་། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༧་བཅས་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེས་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་བཅས་ཀྱི་འགྲུལ་པ་ཚོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་ཐག་བཅད། རྒྱ་ནག་གཞུང་གིས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གི་འགྲུལ་པ་ཚོ་དམིགས་སུ་བཀར་ནས་བརྟག་དཔྱད་དང་ཟུར་འགོག་བྱེད་ཀྱི་ཡོད་པ་འོས་འཚམས་དང་ཚན་རིག་ལ་མཐུན་པ་ཞིག་མ་རེད། འདི་ནི་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ནས་རྒྱ་ནག་ལ་སྡང་པོ་བྱེད་ཀྱི་ཡོད་པ་ཞིག་ཡིན་པས་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། རྒྱ་ནག་གིས་ཀྱང་དེ་ལ་དགོས་ངེས་ཀྱི་ལན་པ་སློག་འཆར་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ང་ཚོས་རང་གི་སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་རྒྱ་ནག་གི་འགྲུལ་པ་ཚོར་བརྟག་དཔྱད་བྱ་རྒྱུའི་ནད་འགོག་གི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པར་རྒྱ་ནག་གིས་ལན་པ་སློག་དགོས་དོན་མེད། ང་ཚོའི་སྲིད་ཇུས་དེ་སྤྱི་དམངས་ཀྱི་བདེ་འཇགས་དང་ཚན་རིག་ལ་མཐུན་པ་ཞིག་ཡིན། རྒྱལ་ཁབ་ཚང་མར་རང་གི་སྤྱི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་ལས་འགན་ཡོད་པ་རེད་ཅེས་དགག་པ་བརྒྱབ། ཧྥ་རན་སིའི་སྲིད་བློན་གྱིས་ཀྱང་རྒྱ་ནག་གི་འགྲུལ་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་ཧྥ་རན་སིའི་མི་དམངས་ལ་སྲུང་སྐྱོབ་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། དེ་བཞིན་དབྱིན་ཇིའི་གཞུང་གིས་ཀྱང་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོས་རང་ལ་ནད་དུག་འགོས་མེད་པའི་དཔང་ཡིག་སྟོན་དགོས། རྒྱ་ནག་གི་འགྲུལ་པ་ཚོར་དབྱིན་ཇིའི་གནམ་ཐང་ཁག་ཏུའང་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG