ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

 རྒྱ་ནག་ཏུ་ཉིན་ལྟར་མི་༩༠༠༠་རེར་ནད་དུག་འགོས་ནས་འཆི་ཡི་ཡོད་སྐད།    


༄༅།། དེང་སྐབས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་གྲངས་ས་ཡ་མང་པོར་ནད་མནར་དང་མི་སྟོང་ཕྲག་མང་པོར་འཆི་སྐྱོན། གཤིན་པོ་བརྒྱ་ཕྲག་མང་པོའི་ཕུང་པོ་རྣམས་ཞུགས་འབུལ་བྱས་མ་ཐུབ་པར་རླངས་འཁོར་ནང་དང་འཁྱང་ཁང་། ས་འོག་གི་རླངས་འཁོར་འཇོག་ས་དང་པུར་ཁང་གི་བར་ཤུལ་སོགས་སུ་བཞག་ཡོད་ཅིང་། འདས་པོ་ཁག་ཅིག་གི་ཕུང་པོ་ནི་གྲོང་གླིང་གི་སྒོ་རའི་ནང་དུ་ཞུགས་འབུལ་བྱ་དགོས་བྱུང་བའི་བརྙན་པར་རྣམས་དྲྭ་ལམ་དུ་ཁྱབ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་དབྱིན་ཇིའི་ཉམས་ཞིབ་ལས་ཁུངས་ཤིག་གིས་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། རྒྱ་ནག་གི་ས་གནས་ཁག་ཏུ་ཉིན་ལྟར་མི་༩༠༠༠་རེར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འཕོག་གི་ཡོད་པ་དང་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུ་འགོག་ཐབས་མེད་པ་ཞིག་ཏུ་གྱུར། གཅིག་བྱས་ནས་རྒྱ་ནག་གི་ས་གནས་ཁག་ཏུ་ཉི་མ་རེར་མི་༩༠༠༠་ལྷག་ཏོག་དབྱིབས་ནད་དུག་གིས་འཆི་བཞིན་ཡོད་ཤས་ཆེ། རྒྱ་ནག་གཞུང་གིས་ཉི་མ་རེར་མི་ཅི་ཙམ་ལ་ནད་དུག་འགོ་ཡི་ཡོད་མེད་དང་མི་ཅི་ཙམ་གྲོངས་ཀྱི་ཡོད་མེད་ཀྱི་གནས་ཚུལ་རྣམས་གསང་བ་བྱས་ནས་ཕྱི་རུ་མ་བསྒྲགས། དབྱིན་ཇིའི་ཞིབ་འཇུག་ཁང་དེས་ཕྱི་ཟླ་༡༢་པ་གཅིག་པུར་རྒྱ་ནག་པ་འབུམ་༡་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་ཡོད་པ་དང་མི་ས་ཡ་༡༨་དང་འབུམ་༦་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་འདུག

ཕྱི་ཟླ་དང་པོའི་ཟླ་དཀྱིལ་དུ་རྒྱ་ནག་ལ་ཉིན་ལྟར་མི་ས་ཡ་༣་དང་འབུམ་༧་ཡས་མས་རེར་ཏོག་དབྱིབས་ནད་དུག་འགོ་རྒྱུ་ཡིན་ཞིང་། ཕྱི་ཟླ་དང་པོའི་ཚེས་༢༣་གྱི་མཚམས་སུ་རྒྱ་ནག་ལ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་༥༨༤༠༠༠་ཙམ་འབྱུང་ས་རེད་ཅེས་གནས་ཚུལ་སྤེལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་ཁབ་ཇི་སྙེད་ཅིག་གིས་པེ་ཅིང་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་མི་ཅི་ཙམ་གྲོངས་ཀྱི་ཡོད་མེད་ཀྱི་གྲངས་འབོར་རྣམས་སྦེད་གསང་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། བདུན་ཕྲག་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་ནི་འཛམ་གླིང་ཡོངས་སུ་བྱུང་མྱོང་མེད་པ་ཞིག་རེད་ཅེས་ངོས་ལེན་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༥་ནས་ཨ་མི་རི་ཀ་དང་ཨོ་གླིང་། ཡུ་རོབ་མཉམ་འབྲེལ་དང་ཁེ་ན་ཌ། དབྱིན་ཇི་དང་ཨི་སི་རལ། ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་གར་དང་མོ་རོ་ཀོ་སོགས་འཛམ་གླིང་རྒྱལ་ཁབ་༣༦་གིས་རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ངེས་པར་དུ་བརྟག་དཔྱད་བྱ་དགོས་པའི་ཐག་གཅོད་བྱུང་ཞིང་། འདས་པའི་ལོ་གསུམ་ལ་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར། ༢༠༢༢་ཀྱི་ལོ་མཇུག་དེར་རྒྱ་ནག་གཞུང་གིས་ནད་འགོག་སྒྲིག་ཁྲིམས་རྣམས་ཕྱིར་བསྡུ་དང་ཕྱི་ཟླ་དང་པོའི་ཚེས་༨་ནས་མི་དམངས་ལ་ཕྱིར་སྐྱོད་ལག་འཁྱེར་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོས་སླར་ཡང་འཛམ་གླིང་ཡོངས་ལ་ཏོག་དབྱིབ་ནད་དུག་བགྲོ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་ནད་རིགས་སྔོན་འགོག་ལྟེ་གནས་ཁག་གིས་ཧོང་ཀོང་དང་ཨོ་མན་ས་གནས་ཁུལ་གཉིས་ཀྱི་འགྲུལ་པ་ཚོར་ཡང་རྒྱ་ནག་གི་འགྲུལ་པ་ལྟར་བརྟག་དཔྱད་གཅིག་མཚུངས་བྱ་དགོས་ཞེས་ཐག་བཅད། ཧྥ་རན་སི་དང་ཨི་ཊ་ལི། སི་པེན་གསུམ་གྱིས་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོས་ཆུ་ཚོད་༤༨་གྱི་སྔོན་དུ་ཏོག་དབྱིབས་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་དགོས་ཟེར། ཡུ་རོབ་མཉམ་འབྲེལ་གྱི་རེ་མོས་གཙོ་འཛིན་སུད་ཌེན་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་རྒྱ་ནག་གི་འགྲུལ་པ་ཚོར་གཅིག་གྱུར་གྱི་ནད་འགོག་སྲིད་ཇུས་ཤིག་འཛིན་དགོས་པའི་བཀོད་ཁྱབ་བཀྲམ། རྒྱ་ནག་ནས་ཁེ་ན་ཌར་ཡོང་མཁན་ཚོས་ཉི་མ་གཉིས་ཀྱི་སྔོན་དུ་བརྟག་དཔྱད་བྱ་དགོས་པ་དང་དབྱིན་གཞུང་གིས་རྒྱ་ནག་གི་འགྲུལ་པ་ཚོར་དབྱིན་ཇིའི་གནམ་ཐང་ཁག་ཏུའང་བརྟག་དཔྱད་བྱ་འཆར་ཡོད་པའི་གནས་ཚུལ་སྤེལ།།

ཨི་སི་རལ་གྱིས་རྒྱ་ནག་གི་འགྲུལ་པ་ཚོར་ལོགས་སུ་བརྟག་དཔྱད་ས་ཚིགས་འཛུགས་རྒྱུ་དང་བརྟག་དཔྱད་བྱ་མིན་དེ་འགྲུལ་པ་ཚོར་གདམ་ཀ་སྤྲོད་རྒྱུ་ཡིན་ཟེར། ཉི་ཧོང་ནི་རྒྱ་ནག་གི་འགྲུལ་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས། ནད་རྟགས་ཐོན་པ་རྣམས་ཉི་མ་བདུན་ལ་ཟུར་འགོག་བྱ་རྒྱུ་དང་རྒྱ་ནག་ནས་ཉི་ཧོང་ལ་འཕུར་སྐྱོད་བྱེད་ཀྱི་ཡོད་པའི་གནམ་གྲུའི་གྲངས་ཀ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་མཁན་རྒྱལ་ཁབ་དང་པོ་དེར་གྱུར། ལྷོ་ཀོ་རི་ཡའི་གཞུང་གིས་རྒྱ་ནག་ནས་ཡོང་བའི་འགྲུལ་པ་ཚོས་རང་ལ་ནད་དུག་འགོས་མེད་པའི་དཔང་ཡིག་སྟོན་དགོས་པ་དང་གནམ་ཐང་དུའང་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། རྒྱ་གར་གྱིས་རྒྱ་ནག་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགྲུལ་པ་ཚོས་རང་ལ་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་དཔང་ཡིག་སྟོན་དགོས་ཞེས་བསྒྲགས། ཨ་ཧྥི་རི་ཀའི་བྱང་ཕྱོགས་རྒྱལ་ཁབ་མོ་རོ་ཀོས་ཕྱི་ཟླ་དང་པོའི་ཚེས་༣་ནས་རྒྱ་ནག་གི་འགྲུལ་པ་རྣམས་འགོག་རྒྱུའི་ཐག་བཅད། མོ་རོ་ཀོའི་ཕྱི་སྲིད་ལྷན་ཁང་གིས་ང་ཚོས་ཏོག་དབྱིབས་ནད་དུག་གསར་དུ་ཁྱབ་སྲིད་པ་དང་ནད་ཡམས་དེའི་མཇུག་འབྲས་སོགས་ལ་གཡོལ་བར་སྐབས་ཤིག་གི་རིང་རྒྱ་ནག་གི་འགྲུལ་པ་འགོག་རྒྱུ་ཡིན་ཞེས་རྒྱུ་མཚན་བགྲངས། ཕྱི་ཟླ་དང་པོའི་ཚེས་༢་ཉིན་ཨེ་ཤི་ཡའི་གསར་འགྱུར་བརྒྱུད་ལམ་ཁང་གིས་རྒྱ་ནག་ནས་ཐེ་ཝན་ལ་འགྲུལ་པ་༥༠༠་ལྷག་འབྱོར་བ་དེའི་གྲས་ཀྱི་འགྲུལ་པ་བརྒྱ་ཆ་༢༨་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་གནས་ཚུལ་ཐོན། ཁ་སང་གཟའ་ཉི་མ་ནས་ཐེ་ཝན་གཞུང་གིས་རྒྱ་ནག་ནས་འབྱོར་བའི་འགྲུལ་པ་ཚོར་བརྟག་དཔྱད་བྱ་རྒྱུ་མགོ་བརྩམས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧེ། ཁྲེང་ཏུའུ་དང་ཤ་མེན་སོགས་ནས་ཐེ་ཝན་གྱི་ཅིན་མེན་དང་མ་ཚུ་གླིང་ཕྲན་གཉིས་ལ་མཁའ་ལམ་སྒོ་ཕྱེ་ནས་འགྲུལ་པ་ཡོང་གི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༡༢་པའི་ཚེས་༣༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་འདུག ང་ཚོས་མི་ཆོས་རིང་ལུགས་ཀྱི་ལྟ་བའི་ཐོག་ཏུ་རྒྱ་ནག་ལ་དགོས་ངེས་ཀྱི་ནད་འགོག་རོགས་སྐྱོར་བྱེད་ཆོག དེ་ལྟར་བྱུང་ན་སྐྱེ་བོ་གྲངས་ལས་འདས་པ་ཞིག་ནད་ཡམས་འོག་ནས་ཐར་ཐུབ། ཕྱི་ལོ་གསར་པ་འདིར་མི་རྣམས་བདེ་ཐང་དང་ཞི་བདེ་བག་ཕེབས་སུ་འཚོ་གནས་བྱེད་ཐུབ་ཅེས་གྲོས་གཞི་བཏོན། འོན་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ནད་ཡམས་འགོག་པར་ཐེ་ཝན་གཞུང་གིས་རྒྱ་ནག་ལ་རོགས་སྐྱོར་ཅི་ཞིག་བྱ་འཆར་ཡོད་མེད་གསལ་ཁ་མ་གཏད། ཁོང་གིས་དམག་འཁྲུག་ནི་འགལ་ཟླ་སེལ་བའི་གདམ་ཀ་ཞིག་མིན། ང་ཚོས་མི་དམངས་ལ་བདེ་སྐྱིད་དང་མཚོ་འགག་ཕྱོགས་གཉིས་ལ་ཞི་བདེ་བསྐྲུན་པར་གྲོས་མོལ་དང་མཉམ་འབྲེལ་བྱས་ནས་ཐུན་མོང་གི་མངོན་འདོད་བསྒྲུབ་དགོས། རྒྱ་ནག་དང་ཐེ་ཝན་ཟུང་ལ་མཚོ་འགག་ཕྱོགས་གཉིས་དང་མངའ་ཁུལ་འདིར་ཞི་བདེ་བསྐྲུན་དགོས་པའི་ལས་འགན་ཡོད་ཅེས་འབོད་སྐུལ་ཞུས། ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་པའི་རྗེས་སུ་མི་ས་ཡ་༡་ཙམ་ལ་འཆི་སྐྱོན་འཕོག་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཉེ་དུས་ཤིག་ནས་རྒྱ་ནག་ཕྱི་ནང་གཉིས་སུ་པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་དང་ནད་མནར། མི་ལ་འཆི་སྐྱོན་འཕོག་གི་ཡོད་པར་དོ་སྣང་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་སྣང་མེད་དུ་ལུས། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་ཆག་སྒོ་ཆེན་པོ་ཞིག་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ་ཞེས་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་བཀག་སྡོམ་ནན་པོ་བྱེད་ཐུབ་ཀྱི་འདུག ནད་དུག་ཁྱབ་གདལ་གྱི་ངར་སྒང་དེ་ཡོལ་གྲབས་ཡོད་པ་དང་ད་ལྟའི་བར་དུ་རྒྱ་ནག་གི་ས་ཐོག་ཏུ་མི་༥༢༤༩་ལ་མ་གཏོགས་ཏོག་དབྱིབས་ནད་དུག་འགོས་ནས་ཤི་མེད། ཕྱི་ལོགས་སུ་རྒྱ་ནག་གཞུང་གིས་མི་ལ་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་རྣམས་སྦེད་གསང་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་གྱི་ཡོད་པ་རྣམས་འཁྱོག་བཤད་རེད་ཅེས་དགག་པ་བརྒྱབ། ལོ་༢༩་ལ་སོན་པའི་ཝུ་ཧན་བ་རུས་མིང་ཝུ་ཞེས་པ་ཞིག་གིས་ང་དང་གྲོགས་པོ་ཚོ་ནད་འགོག་སྲིད་ཇུས་ལྷུག་ཡངས་བྱུང་བར་དགའ་བཞིན་ཡོད། ང་ཚོ་གང་དུ་ཡིན་རུང་བསྐྱོད་ཆོག་གི་ཡོད་ཀྱང་ལོ་༦༠་ཡན་ཆད་དང་། ལྷག་པར་དུ་ན་ཚ་ཡོད་པའི་རྒན་རྒོན་ཚོར་ཏོག་དབྱིབས་ནད་དུག་འདི་ཉེན་ཚབས་ཆེན་པོ་ཞིག་རེད་ཅེས་བཀྲལ། ཝུ་ཧན་གྲོང་ཁྱེར་གྱི་ཏུང་ཅི་སྨན་ཁང་ཕྱི་ལོགས་སུ་ཛ་དྲག་གི་ནད་པ་མང་པོ་ཞིག་བང་བསྒྲིགས་ནས་སྒུག་བསྡད་ཡོད་པ་དང་ལོ་༧༢་ལ་སོན་པའི་རྒན་མོ་ཧྭང་ཞེས་པ་ཞིག་གིས་ང་བདེ་པོ་མེད་པ་དང་དབུགས་གཏོང་ལེན་བྱེད་ཐུབ་ཀྱི་མི་འདུག ངའི་ཟུངས་ཤུགས་ཡོངས་སུ་ཟད་འདུག ང་ནི་སྔོན་ཆད་ཐང་པོ་ཞིག་ཡིན། ངའི་གློ་བར་གློག་པར་བརྒྱབ་ཀྱང་བརྟག་འབྲས་ཐོན་པར་ཡུན་རིང་སྒུག་དགོས་པ་དང་སྨན་ཁང་ནི་ཅ་ཟིང་པོ་ཞིག་རེད་ཅེས་སྡུག་སྐད་བརྒྱབ། ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་རྒྱ་ནག་གི་ནད་ཡམས་དེ་ཚད་རིམ་གསར་པ་ཞིག་ཏུ་སླེབས་འདུག་ཅེས་བསྟན། འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འོག་ནས་ཐར་གྱི་ཡོད་པའི་མཚམས་སུ་རྒྱ་ནག་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཞིས་ཅིན་ཕིང་གི་དབང་ཐང་དང་ཆེ་མཐོང་ཉམས། རྒྱ་ནག་མི་དམངས་རྣམས་དམར་ཤོག་སྲིད་གཞུང་དེར་ཡིད་ཆེས་མེད་པ་དེ་བས་ཀྱང་སྡུག་ཏུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG