ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལི་ཤན་ལུང་གིས་་རྒྱ་ནག་དམར་ཤོག་གི་ཏང་སློབ་གྲྭར་གཏམ་བཤད།


རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཏང་གི་སློབ་གྲྭ་རྒྱལ་ཁབ་ཀྱི་ཆེས་མཐོ་འགོ་ཁྲིད་ཚོ་དང་། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་སྦྱོང་བརྡར་སྤྲོད་སའི་སློབ་གྲྭ་གནད་འགག་ཆེ་ཤོས་དེ་ཡིན་ཞིང་། ད་ལྟའི་དབུས་ཏང་གི་སློབ་གྲྭའི་གཙོ་འཛིན་ལས་ཐོག་རྒྱ་ནག་གི་སྲིད་འཛིན་གཞོན་པ་སྟེ། ལོ་མཇུག་འདིར་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ལ་འགྱུར་རྒྱུ་ཡིན་པ་ཞི་ཅིན་ཕིང་ཡིན་པ་དང་། ཕྱི་ཟླ་༩་ཚེས་༦་ཉིན་སེང་ག་པུར་གྱི་སྲིད་བློན་ལི་ཤན་ལུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཏང་གི་སློབ་གྲྭར་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ཨ་མི་རི་ཀ་ཉམས་རྒུད་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ལ་གཏན་ནས་ངོས་འཛིན་བྱེད་མི་ཉན་པ་དང་། ཨ་མི་རི་ཀ་འགྱེལ་ས་ནས་ལང་ཐུབ་པ་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་མ་ནོར་པ་ཞིག་བྱ་དགོས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་ཁག་ཅིག་གི་བདག་དབང་བརྩད་ནས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ལ་འགལ་ཟླ་འབྱུང་གི་ཡོད་རུང་། རྒྱ་ནག་གིས་རྒྱལ་ཁབ་རེ་རེ་བཞིན་གྲོས་མོལ་བྱས་ནས་གླིང་ཚོམ་དེ་དག་གི་བདག་དབང་ཐག་གཅོད་བྱེད་རྒྱུའི་ཚབ་དེར་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་གྲོས་མོལ་བྱེད་དགོས་པ་དང་། རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ལ་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱས་ན་དགེ་མཚན་ཆེ་ཞེས་ནན་བརྗོད་བྱས་འདུག་ཅིང་། སེང་ག་པུར་གྱི་སྲིད་བློན་ལི་ཤན་ལུང་་སྲིད་བློན་ཟུར་པ་ལི་ཀཱོན་ཡུག་གི་བུ་ཡིན་པ་དང་། སྐུ་ཞབས་ལི་ཀཱོན་ཡུག་གིས་ལོ་མང་རིང་སེང་ག་པུར་གྱི་སྲིད་དབང་བཟུང་སྟེ། ཁོང་གིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀར་འབྲེལ་བ་བཟང་པོ་བཙུགས་པ་དང་། ལི་ཀཱོན་ཡུག་གི་ལྟ་ཚུལ་ལ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། གཟའ་འཁོར་འདིར་ལི་ཀཱོན་ཡུག་གི་བུ་ལི་ཤན་ལུང་གིས་ཀྱང་རང་གི་ཕའི་ཞབས་རྗེས་འབྲངས་ཏེ། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཏང་གི་སློབ་གྲྭར་གཏམ་བཤད་བྱས་པ་དེར་དམིགས་བསལ་ལྕི་ཁོག་ལྡན་ཞིང་། ལི་ཤན་ལུང་གི་གཏམ་བཤད་ཀྱི་བརྗོད་གཞི་གཙོ་བོ་ཨ་མི་རི་ཀ་འཛམ་གླིང་གི་གནས་བབ་གང་དུ་ཡོད་མེད་དེ་ཡིན་པས། རྒྱ་ནག་གི་རྩོམ་པ་པོ་དང་མཁས་པ། ལྷག་པར་དུ་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་དོ་སྣང་བྱེད་ས་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གི་མཁས་པ་དང་རྩོམ་པ་པོ་ཁག་ཅིག་གིས་ཨ་མི་རི་ཀར་རྒྱལ་ཁབ་ཀྱི་བུ་ལོན་མང་བ་དང་དཔལ་འབྱོར་ཉམས་རྒུད། ཨ་མི་རི་ཀར་ཆབ་སྲིད་ཀྱི་འགོག་རྐྱེན་ཆེ་དྲགས་ཏེ་རྒྱལ་ཁབ་ཉམས་རྒུད་འགྲོ་རྒྱུའི་ཉེན་ཀ་འདུག་ཅེས་དཔྱད་རྩོམ་མང་དག་ཅིག་བྲིས་ཀྱང་། སེང་ག་པུར་གྱི་སྲིད་བློན་ལི་ཤན་ལུང་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོར་བཤད་པ་ལྟར་ན། དེང་སྐབས་ཨ་མི་རི་ཀར་དཔལ་འབྱོར་ཉམས་རྒུད་དང་མི་མང་ལས་ཤོར་པའི་གྲངས་འབོར་མང་བའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་བདེན་པ་ཡིན། ཡིན་ནའང་ཨ་མི་རི་ཀ་ཉམས་རྒུད་གཏན་ནས་འགྲོ་མི་སྲིད་པ་དང་། ཨ་མི་རི་ཀ་རང་གི་སྟོབས་འབྱོར་སླར་གསོ་བྱེད་ཐུབ་པ་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་པས། རྒྱ་ནག་དང་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཚུད་པའི་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཁས་པ་དང་ཤེས་ཡོན་ཅན། མི་རྣམ་དཔྱོད་ཅན་དང་འཇོན་ཐང་ཅན་རྣམས་ཨ་མི་རི་ཀར་འདུས་ཡོད་པ་དང་། ད་སྔ་རྒྱ་མི་རིགས་ཡིན་པ་དང་རྒྱ་མི་རིགས་ཀྱི་རྒྱུད་པ་ཡིན་པའི་མི་བརྒྱད་ལ་ཚན་རིག་གི་ཎོ་བེལ་གཟེངས་རྟགས་ཐོབ་ཡོད། ཡིན་ནའང་ཚན་རིག་གི་ཎོ་བེལ་གཟེངས་རྟགས་ཐོབ་མཁན་དེ་རྣམས་ཨ་མི་རི་ཀར་སྐྱེས་པའི་རྒྱ་མི་རིགས་སམ། ཡང་ན་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་པའི་རྗེས་སུ་ཚན་རིག་གི་ཎོ་བེལ་གཟེངས་ཐོབ་པའི་རྒྱ་མི་རིགས་ཤ་སྟག་ཡིན་པ་དང་། ཨ་མི་རི་ཀར་སྟོབས་ཤུགས་སླར་གསོ་དང་བསྐྱར་དུ་གསར་གཏོད་བྱེད་པའི་ནུས་པ་ལྡན་པ་དེར་ནམ་ཡང་སྣང་ཆུང་གཏོང་མི་ཉན་ཞེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG