ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་གིས་བོད་ཀྱི་ཁོར་ཡུག་ལ་ལྟ་ཕྱོགས་ཞེས་པའི་དཔེ་དེབ་དབུ་འབྱེད།


༄༅།། ཕྱི་ཟླ་༡༠་པའི་ཚེས་༣༡་ནས་ཕྱི་ཟླ་༡༡་པའི་ཚེས་༡༢་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་༢༦་པ་དེ་སི་ཀོ་ཊི་ལན་ཌིའི་གྷ་ལ་སི་གྷོ་གྲོང་གྲོང་ཁྱེར་དུ་འཚོགས་གཏན་ཁེལ་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༢༩་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་དཔར་དུ་བསྐྲུན་པའི་བོད་ཀྱི་ཁོར་ཡུག་ཐད་བོད་མིའི་ལྟ་ཕྱོགས་ཞེས་པའི་དཔེ་དེབ་ཅིག་དང་ཕྱི་ལོ་༢༠༢༠་ལོའི་བོད་གནས་བསྐྱར་ཞིབ་ཀྱི་སྙན་ཐོ་བཅས་དཔེ་དེབ་གཉིས་དབུ་འབྱེད་གནང་སོང་། སྐབས་དེར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཚོགས་ཆེན་དེ་འཚོགས་པར་ཟླ་བ་གཅིག་ཧྲིལ་པོ་ཡོད་པའི་སྔོན་ལ་དཔེ་དེབ་འདི་དག་པར་འགྲེམ་བྱས་པ་ཡིན། དཔེ་དེབ་འདི་དག་གི་ནང་དུ་ཕྱི་ལོ་༢༠༡༠་ནས་༢༠༢༠་བར་དུ་བོད་པ་ཚོས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཡོད་དོ་ཅོག་ལ་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱས་ནས་ཕྱོགས་བསྒྲིགས་ཞུས་པའི་དཔྱད་རྩོམ་ཤ་སྟག་བཀོད་ཡོད་ཅེས་བཀྲལ།།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ཀྱི་ཁོར་ཡུག་ནི་ད་ལྟའི་དུས་འདིར་ཧ་ཅང་གནད་འགག་ཅན་གྱི་གནད་དོན་ཞིག་ཏུ་གྱུར་ཏེ་རྒྱལ་སྤྱིའི་ཉམས་ཞིབ་པ་དང་དོ་སྣང་ཅན་ཚོ་ས་གནས་ས་ཐོག་ཏུ་ཕེབས་ནས་ཞིབ་ཇུག་གནང་སའི་མཐུན་རྐྱེན་མེད་ཀྱང་དཔེ་དེབ་འདི་དག་གིས་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་ཡོད། ཕྱིའི་མི་གཅིག་པུ་མ་ཡིན་པར་བོད་པ་ཚོས་ཀྱང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་དོ་སྣང་བྱེད་དགོས་པའི་ལམ་སྟོན་གནང་བར་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཁོར་ཡུག་རྒྱལ་སྤྱིའི་གནད་དོན་ཡིན་པ་ཁ་གསལ་ཞིག་ངོ་སྤྲོད་ཐུབ་ཐབས་སུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་སྐུ་ཚབ་ཕེབས་ཀྱི་ཡོད། ད་ལྟའི་ཆར་བོད་མཐོ་སྒང་ནི་འཛམ་གླིང་གི་རྩེ་སྣེ་གསུམ་པ་ཞེས་གལ་འགངས་ངོས་ཟིན་ཐབས་སུ་ཉེ་ཆར་སྲིད་སྐྱོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་གི་མི་སྣ་ཚོར་མཇལ་འཕྲད་གནང་སྟེ་ཨ་རིའི་ཁོར་ཡུག་ལས་དོན་གྱི་སྐུ་ཚབ་ལ་དམིགས་བསལ་ལྗགས་ལན་ཞིག་བཏང་བ་ཡིན་ཞེས་བསྒྲགས་འདུག

བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ལ་བཅར་ནས་དགོས་འདུན་གཙོ་བོ་དོན་ཚན་ལྔ་འདོན་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། གཟའ་ལྷག་པའི་མཛད་སྒོའི་ཐོག་ཏུ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ཕྱི་ལོ་༢༠༢༠་ལོའི་བོད་གནས་བསྐྱར་ཞིབ་ཀྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་དེའི་བརྗོད་བྱ་ཅི་ཡིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བགྲེས་པ་བསྟན་འཛིན་བདེ་གསལ་གྱིས་ངོ་སྤྲོད་གནང་འདུག བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་རྣམས་མཛད་སྒོ་དེར་མཉམ་ཞུགས་གནང་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG