ངོ་འཕྲད་བདེ་བའི་དྲ་འབྲེལ།

བླ་བྲང་དགོན་པའི་གྲྭ་ཐབས་མཁས་རྒྱ་མཚོ་བཙོན་བཀྲོལ་ཐོབ་པ།


༄༅།། ཕྱི་ལོ་༢༠༠༨་ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་ངོ་རྒོལ་ལས་འགུལ་ལ་ཞུགས་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་བླ་བྲང་དགོན་པའི་གྲྭ་ཐབས་མཁས་རྒྱ་མཚོར་ལོ་བཅོ་ལྔའི་བཙོན་འཇུག་དང་ལོ་ལྔ་ལ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་ཡིན་ཞེས་ཁྲིམས་ཐག་བཅད། ཟླ་བ་འདིར་གྲྭ་ཐམས་མཁས་རྒྱ་མཚོ་ཡོངས་གྲགས་མེད་པར་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་འབྲེལ་ཡོད་མི་སྣ་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁོ་པ་ཉིན་ཤས་གོང་དུ་བླ་བྲང་དགོན་འདབས་ཀྱི་སྲང་ལམ་ཞིག་དུ་འགྲོ་བཞིན་པའི་སྐབས་སུ་ཨ་ཁུ་ཐབས་མཁས་རྒྱ་མཚོར་ཐུག་སོང་། སྐབས་དེར་ཁོང་ལ་འཐད་ཀར་འཚམས་འདྲི་ཞུས་ནས་ཁ་བརྡ་བྱ་རྒྱུ་སྟབས་བདེ་པོ་བྱུང་མ་སོང་། འོན་ཀྱང་ཁོང་གློད་གྲོལ་ཐོབ་ཡོད་པ་ནི་བདེན་པ་རེད། ངས་ཨ་ཁུ་ཐབས་མཁས་རྒྱ་མཚོའི་ཉེ་འབྲེལ་དང་འཛིན་གྲྭ་གཅིག་པའི་མི་ཁ་ཤས་ལ་ཁ་བརྡ་བྱས་ནས་འདྲི་ཞིབ་བྱས་པ་ཡིན། ཁོང་ཚོ་ཚང་མས་ཨ་ཁུ་ཐབས་མཁས་རྒྱ་མཚོ་གློད་གྲོལ་ཐོབ་མ་ཐག་ཡིན་པ་དང་ད་དུང་མུ་མཐུད་དུ་ཆབ་སྲིད་ཀྱི་ཁེ་དབང་གང་ཡང་མེད་པས་ཨ་ཁུའི་སྐོར་ཁ་བརྡ་བྱས་ན་བདེ་འཇགས་མ་རེད་ཅེས་ལན་འདེབས་བྱས་བྱུང་། ཨ་ཁུ་ཐབས་མཁས་རྒྱ་མཚོའི་གནས་ཚུལ་ཞིབ་ཕྲ་ཞིག་བཤད་མཁན་ཞིག་བྱུང་མ་སོང་ཞེས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུག་དུ་བརྗོད་དོན་ལྟར་ན། གྲྭ་ཐབས་མཁས་རྒྱ་མཚོ་དངོས་སུ་མཐོང་བའི་སྐབས་དེར་ལུས་ཟུངས་ཧ་ཅང་ཞན་དྲགས་ཏེ་འགྲོ་སྐྱོད་ཀྱང་བྱེད་ཐུབ་ཀྱི་མི་འདུག་སྙམ་པའི་ཚོར་སྣང་ཞིག་བྱིན་བྱུང་། ད་ལྟ་ཁོང་དགོན་པ་དང་རང་ཁྱིམ་གང་དུ་བསྡད་ཡོད་མེད། སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་མུ་འཐད་དུ་རྩད་གཅོད་བྱས་ནས་ཁ་གསལ་བྱུང་མ་ཐག་ཏུ་གནས་ཚུལ་མཁོ་སྤྲོད་བྱེད་ཆོག་ཅེས་གསར་འགོད་པར་ཁག་ཐེག་བྱས་པའི་གནས་ཚུལ་ཐོན་འདུག བཞུགས་སྒར་རྡ་རམ་ས་ལའི་བོད་ནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པད་མ་རྒྱལ་གྱིས་བཙོན་བཀྲོལ་ཐོབ་མ་ཐག་པའི་བླ་བྲང་གྲྭ་ཐབས་མཁས་རྒྱ་མཚོ་ནི་རྒྱ་ནག་གཞུང་གིས་ཁྲིམས་ཐག་བཅད་པའི་བཙོན་འཇུག་ལོ་དུས་མ་ཚང་བར་ལོ་གཉིས་ཀྱི་སྔོན་དུ་བཙོན་བཀྲོལ་ཐོབ་པ་ཞིག་རེད། ཁོང་ལ་བཙོན་བཀྲོལ་རྗེས་སུ་རང་དབང་ཅི་ཙམ་ཡོད་མེད་དང་ལུས་ཁམས་བདེ་ཐང་ཡིན་མིན་བཅས་ལ་ང་ཚོས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་ཡོད། ཕྱི་ལོ་༢༠༡༩་ལོར་རྒྱ་ནག་གཞུང་གིས་བཙོན་ཁང་དུ་གྲྭ་ཐབས་མཁས་རྒྱ་མཚོར་མནར་གཅོད་ཚད་མེད་བཏང་སྟེ་མིག་གཉིས་གསལ་པོ་མེད་པ་དང་ལུས་ཟུངས་ཉམས་ཏེ་ཐབས་རྡུགས་ཀྱི་གནས་སུ་ལྷུང་འདུག་ཅེས་བོད་ཕྱི་ལོགས་སུ་གནས་ཚུལ་ཞིག་འབྱོར་ཡོད་པ་རེད་ཅེས་བཀྲལ།།

གྲྭ་ཐབས་མཁས་རྒྱ་མཚོ་ནི་མདོ་སྨད་བླ་བྲང་བསང་ཆུ་རྫོང་། བསང་ཁོག་ཡུལ་ཚོ་ནས་ཡིན་པ་དང་༢༠༠༨་ལོར་བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་གི་རང་ཤག་ཏུ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་པར་མ་ཟད། ༢༠༠༩་ལོའི་ཕྱི་ཟླ་༥་པའི་ཚེས་༢༡་ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ༢༠༠༨་ལོར་གྲྭ་ཐམས་མཁས་རྒྱ་མཚོ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་སུ་བོད་ནང་གི་མི་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཐད་ཀར་ཁ་པར་བཏང་ནས་གྲྭ་མཁས་རྒྱ་མཚོར་ཉེན་རྟོག་པས་རྡུག་རྡེག་བཏང་ནས་ཀླད་པར་སྐྱོན་ཞུགས་ཡོད་པ་དང་དྲན་ཤེས་བརྟན་པོ་མི་འདུག མིག་གཉིས་ཀྱང་གསལ་པོ་མི་མཐོང་བ་ཞིག་ཏུ་གྱུར་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG