ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

བོད་དོན་རྒྱབ་སྐྱོར་བ་མར་ཊི་ནེ་ཛི་སྐུ་ཚེ་མ་ཟིན་པར་སྲིད་སྐྱོང་གིས་མྱ་ངན།


༄༅།། ཕྱི་ཟླ་༡༠་པའི་ཚེས་༢་ཉིན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཨལ་ཝ་ཝྭ་དྷོར་གྱི་ཁྲིམས་དཔོན་དང་གཞུང་གི་སྐུ་ཚབ། དགེ་རྒན་ཆེན་མོ་དང་ཡུན་རིང་གི་བོད་དོན་རྒྱབ་སྐྱོར་བ་ཨལ་ཧྥེ་རེ་དྷོ་མར་ཊི་ནེ་ཛི་མོ་རེ་ནོ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་འདས་པོ་དེའི་བཟའ་ཟླ་དང་རྗེས་ཤུལ་ཚོར་ཕྱག་བྲིས་ཤིག་ཕུལ་ནས་དམ་པ་དེ་ཉིད་ནི་༡༩༥༠་ཐམ་པའི་ལོར་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་གླེང་སློང་གནང་མཁན་ཐོག་མའི་གྲས་ཤིག་ཡིན་ཞིང་། ཁོང་གིས་ད་ལྟའི་བར་དུ་བོད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད། སྐུ་ཞབས་མར་ཊི་ནེ་ཛི་དགོངས་པ་རྫོགས་པར་བློ་ཕམ་ཆེ་ཞེས་འཁོད་པའི་ཕྱག་བྲིས་ཤིག་གནང་སོང་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་འདུག

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ཀྱིས་ལྕམ་ཨ་ལི་ཤ་མར་ཊི་ནེ་ཛའི་མཚན་ཐོག་ཏུ་ཕུལ་བའི་ཕྱག་བྲིས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐུ་ཞབས་མར་ཊི་ནེ་ཛི་དགུང་གྲངས་༩༨་ཐོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་པར་ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་ལ་ཐུགས་གསོ་དང་དམ་པ་དེར་བསྔོ་སྨོན་ཞུ་ཡི་ཡོད། ཕྱི་ལོ་༡༩༥༠་ལོར་རྒྱལ་ཚོགས་སུ་བོད་དོན་ཐོག་མར་གླེང་སློང་བྱུང་བའི་སྐབས་སུ་སྐུ་ཞབས་མར་ཊི་ནེ་ཛི་ནི་ཨལ་ས་ཝྭ་དྷོར་གྱི་སྐུ་ཚབ་གཞོན་པར་ཡིན་པར་མ་ཟད། ཁོང་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་འདྲིས་ཧ་ཅང་ཟབ་མོ་ཡོད་པ་དང་བོད་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་ཞིང་། ང་༢༠༠༦་ལོར་དམ་པ་དེར་དངོས་སུ་མཇལ་རྒྱུའི་སྐལ་བ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་། སྐུ་ཞབས་མར་ཊི་ནེ་ཛིས་ཁྲིམས་རྩོད་པ་དང་གཞུང་གི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ཏུ ཞི་བདེ་དང་འགྲོ་བ་མིའི་ཆེས་མཐོང་གོང་འཕེལ་དོན་དུ་སྐུ་ཚེ་ཧྲིལ་པོར་མཛད་རྗེས་བསྐྱངས་པ་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་བོ་མཚོན་ཐུབ་མཁན་ཉུང་ཤས་ཤིག་ཡོད་པའི་གྲས་གཅིག་རེད། དམ་པ་དེའི་མཛད་རྗེས་ནི་འཛམ་གླིང་གི་དྲང་བདེན་དང་རང་དབང་ལ་ཡིད་སྨོན་ཡོད་པའི་གང་ཟག་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཡིན་པས་ཁོང་སྐུ་གཤེགས་པ་བོད་དོན་ལ་ཤིན་ཏུ་ཕངས་པོ་ཞིག་ཡིན་ཞེས་བཀོད་འདུག

སྐུ་ཞབས་ཨལ་ཧྥེ་རེ་དྷོ་མར་ཊི་ནེ་ཛི་མོ་རེ་ནོས་སྐུ་ཚེ་ཧྲིལ་པོར་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཡར་རྒྱས་གཏོང་བའི་མཛད་རྗེས་རླབས་ཆེན་ཞིག་འཇོག་ཐུབ་ཡོད་པས་ཇཱི་ཎི་ཝྭའི་ཕོ་རྒོད་དམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྟི་གནས་ཀྱི་ཕོ་རྒོད་ཅེས་མཚན་གསོལ། ཁོང་སྐུ་ཚེའི་འཕེན་པ་མ་རྫོགས་བར་དུ་ས་ཕྱོགས་གང་ས་ནས་ཆེས་བསྟོད་ཤུགས་ཆེན་ཞུ་ཡུལ་གྱི་གང་ཟག་ཅིག་ཏུ་གྱུར། ཁོང་གིས་ཨལ་ས་ཝྭ་དྷོར་གཞུང་གི་སྐུ་ཚབ་ཐོག་ཏུ་རྒྱལ་སྤྱིའི་ལས་གནས་སྣ་ཚོགས་ཤིག་ཏུ་ཕྱག་ལས་གནང་སྟེ་རྒྱལ་ཁབ་དེའི་ཁྲིམས་དཔོན་གྱི་ཚོགས་གཙོ་དང་སྐད་ཡིག་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ལས་གནས་འདྲ་མིན་གྱི་ཐུགས་འགན་བཞེས་མྱོང་འདུག དམ་པ་དེར་ཤུལ་ལུས་བཟའ་ཟླ་དང་བུ་མོ་བཅས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG