ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲས་ལྗོངས་ཀྱི་མཐོ་སློབ་ཁག་སང་ཉིན་ནས་སྒོ་འབྱེད་དགོས་པའི་བཀོད་ཁྱབ།


༄༅།། འབྲས་ལྗོངས་གཞུང་གིས་ཕྱི་ཟླ་༩་པའི་ཚེས་༡༤་ནས་མངའ་སྡེ་དེའི་མཐོ་སློབ་ཁག་དང་མཐོ་རིམ་སློབ་གཉེར་ཁང་རྣམས་བསྐྱར་དུ་སྒོ་འབྱེད་དགོས་ཞེས་བཀོད་ཁྱབ་བཏང་འདུག ཕྱི་ཟླ་༩་པའི་ཚེས་༡༣་ཉིན་འབྲས་ལྗོངས་ཀྱི་ཤེས་རིག་དྲུང་ཆེ་ལས་འཕར་ཨུ་པ་དྷི་ཡས་བཀོད་ཁྱབ་ཅིག་བཀྲམ་ཡོད་པ་དེར་འཁོད་པ་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་གིས་ཕྱི་ཟླ་༩་པའི་ཚེས་༡༤་ནས་མཐོ་སློབ་ཁག་དང་མཐོ་རིམ་སློབ་གཉེར་ཁང་རྣམས་བསྐྱར་དུ་སྒོ་འབྱེད་དགོས། ང་ཚོའི་སློབ་ཕྲུག་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་པའམ། མ་མཐར་ཡང་སྨན་ཐུན་དང་པོའི་འགོག་ཁབ་ཅིག་བརྒྱབ་ཟིན་ཡོད་པའི་རྩིས་རྒྱག་གི་ཡོད། ཐོག་མར་ཕྱི་ཟླ་༩་པའི་ཚེས་༦་ནས་འབྲས་ལྗོངས་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་དང་སློབ་ཆུང་རྣམས་སྒོ་ཕྱེ་ནས་འཛིན་རིམ་དགུ་པ་ཡན་ཆད་ཀྱི་སློབ་ཕྲུག་ཚོ་འཛིན་གྲྭ་ཚོགས་པ་ཡིན། འོན་ཀྱང་སློབ་གྲྭ་ཁག་ཅིག་གི་ནང་དུ་སློབ་ཕྲུག་ལྔ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་ཏེ་སློབ་གྲྭ་དེ་དག་ཕྱི་ཟླ་༡༠་པའི་ཚེས་༣༡་བར་དུ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བཀོད།།

འབྲས་ལྗོངས་ཀྱི་ཤེས་རིག་སློབ་ཆེན་ལས་འཕར་ཨུ་པ་དྷི་ཡས་མངའ་སྡེ་དེའི་སློབ་གྲྭ་ཁག་དང་མཐོ་སློབ་ཁག་གི་དགེ་རྒན་དང་ལས་བྱེད་པ་བརྒྱ་ཆ་༥༠་ཡས་མས་ཤིག་མ་གཏོགས་དངོས་སུ་ལས་བཅར་ཞུ་ཐུབ་ཀྱི་མེད། ཕ་མ་ཚོས་མོས་མཐུན་བྱུང་བའི་སློབ་ཕྲུག་རྣམས་འཛིན་གྲྭར་དངོས་སུ་ཞུགས་ནས་སློབ་སྦྱོང་བྱེད་ཀྱི་ཡོད། འབྲས་ལྗོངས་ཀྱི་ལྷོ་ཕྱོགས་རྫོང་སྡེ་ཁག་དང་ཤར་ཕྱོགས་རྫོང་སྡེ་ཁག ནུབ་ཕྱོགས་རྫོང་སྡེ་ཁག་གི་གཞུང་གཉེར་སློབ་གྲྭ་ཁག་དང་འབྲས་ལྗོངས་བྱང་ཕྱོགས་ཀྱི་རྫོང་སྡེ་ཁག་གི་སྒེར་གཉེར་སློབ་གྲྭ་ཁག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་སོང་། མངའ་སྡེ་གཞུང་གིས་སློབ་གྲྭ་ཁག་སྒོ་རྒྱག་དགོས་པའི་བཀོད་ཁྱབ་མ་བཏང་ན་ནད་ཡམས་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་རྒྱུའི་ཉེན་ཁ་ཆེ། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ནད་དུག་འགོས་ཡོད་པ་ཚོར་འབྲེལ་བ་བྱུང་བའི་མི་ཚང་མ་རྩད་གཅོད་བྱེད་ཀྱི་ཡོད་པས་མ་འོངས་པར་འབྲས་ལྗོངས་མངའ་སྡེའི་ནང་དུ་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་སྲིད་པ་དང་ང་ཚོས་གནད་དོན་འདི་ཛ་དྲག་ཅིག་ལ་བརྩིས་ནས་དོ་ཁུར་ལེན་གྱི་ཡོད། འབྲས་ལྗོངས་མངའ་སྡེའི་གཞུང་གིས་སློབ་ཕྲུག་གི་བདེ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནམ་ཡང་འཐུས་ཤོར་གཏོང་ཐུབ་ཐབས་མེད། དེས་ན་སྐབས་ཤིག་གི་རིང་ལ་སློབ་གྲྭ་དང་མཐོ་སློབ་ཁག་སྒོ་རྒྱག་དགོས་པའི་བཀོད་ཁྱབ་གཏོང་དགོས་བྱུང་བ་རེད་ཅེས་གསལ་བཀྲོལ་བྱས་འདུག

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༡༥་ནས་འབྲས་ལྗོངས་མངའ་སྡེ་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་མི་ཚོགས་འདུ་འཛོམ་དང་དགའ་སྟོན་ཆེན་པོ་སོགས་ཀྱི་བྱེད་སྒོ་ཁག་སྤེལ་མི་ཆོག་པའི་བཀག་སྡོམ་བྱས་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཀག་སྡོམ་གྱི་ལས་ཐབས་ཁག་ཅིག་ལག་ལེན་བསྟར། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་ཀྱང་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོ་ནི་མངའ་སྡེའི་གཞུང་གིས་དོ་ཁུར་ལེན་དགོས་པ་གཙོ་བོ་གཉིས་ཡིན། མངའ་སྡེ་གཞུང་གི་དངུལ་རྩིས་ཀྱི་ཁོངས་ནས་འགྲོ་གྲོན་བརྒྱ་ཆ་ཕོན་ཆེན་ཞིག་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོར་གཏོང་གི་ཡོད། ང་ཚོས་རང་གི་སྤྱི་དམངས་ལ་འཕྲོད་བསྟེན་ལྟ་སྐྱོང་དང་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་རྩེ་ཕུད་ཅིག་མཁོ་སྦྱོར་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོ་འབྲས་ལྗོངས་ཀྱི་གྲོང་ཁྱེར་ཁག་དང་གྲོང་གསེབ་ཁག་གི་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་སོང་སྟེ་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་སྦྱོར་ཐབས་བྱེད་ཀྱི་ཡོད་ཅེས་བཤད་འདུག་ཅིང་། ཟླ་བ་སྔོན་མར་འབྲས་ལྗོངས་མངའ་སྡེའི་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་སྨན་པ་ཆེད་ལས་པ་དང་སྨན་ཞབས་པ་ལག་རྩལ་ཅན་སོགས་འཕྲོད་བསྟེན་ལས་རིགས་ལ་མཁོ་ངེས་ཀྱི་ལས་བྱེད་པ་༤༠༠་ལྷག་གསར་དུ་གླས་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG