ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཆུ་ལོག་ནང་དུ་ཤར་པ་ཁྱིམ་ཚང་ཞིག་གི་བཟའ་མི་གསུམ་ལ་སྲོག་སྐྱོན།


༄༅།། ཉེ་ཆར་ཨ་རིའི་བྱང་ཤར་ཕྱོགས་སུ་གློ་བུར་དུ་དགོང་མོ་ཞིག་ལ་ཆར་ཞོད་དྲག་པོ་བྱུང་སྟེ་ནེའུ་ཡོཀ་མངའ་སྡེར་མི་༡༥་དང་ནེའུ་འཇར་སི་མངའ་སྡེར་མི་༢༣་བཅས་ཁྱོན་བསྡོམས་མི་༣༨་ལ་འཆི་སྐྱོན་ཕོག ནེའུ་ཡོག་དུས་བབ་ཚགས་པ་དང་ངོ་དེབ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ནེའུ་ཡོཀ་གྲོང་ཁྱེར་དུ་འཆི་སྐྱོན་ཕོག་པ་དེ་དག་གི་གྲས་སུ་བལ་ཡུལ་གྱི་ཤར་པ་ཁྱིམ་ཚང་ཞིག་གི་བཟའ་མི་གསུམ་ཡོད་པ་སྟེ། ཁྱིམ་བདག་མ་ཤར་པ་མིག་དམར་དང་ཁྱོ་ག་བློ་བཟང་བླ་མ། ཁོ་ཚོའི་བུ་ཆུང་ངག་དབང་དགེ་ལེགས་གསུམ་འོག་ཁང་དུ་བསྡད་ཡོད་པའི་སྐབས་སུ་ཁང་པའི་ནང་དུ་ཆུ་བླུགས་ནས་ཕྱི་ལ་མ་ཐར་པར་སྲོག་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག གཟའ་འཁོར་སྔོན་མའི་ཐབས་རྡུགས་ཀྱི་གནས་ཚུལ་དེ་ཐོན་པའི་རྗེས་སུ་ནེའུ་ཡོཀ་མངའ་ཁུལ་གྱི་ཤར་པའི་སྐྱིད་སྡུག་ཁག་དང་བོད་པ་སྒེར་པ་སོགས་ཀྱིས་ངོ་དེབ་ནང་དུ་ཤར་པ་ཁྱིམ་ཚང་དེར་ཆག་སྒོ་བྱུང་བར་མྱ་ངན་དང་དྲྭ་ལམ་དུ་མཆོད་མེའི་འདྲ་པར་བཀྲམ། མ་ཎི་ཡིག་དྲུག་སོགས་བྲིས་ནས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་འགོ་ཚུགས་འདུག

གཟའ་མཇུག་དེར་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཤར་པ་མིག་དམར་ཚང་ནི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁུན་སི་ས་གནས་ཀྱི་འོག་ཁང་ཞིག་ཏུ་ཁང་པ་གླས་ནས་བསྡད་ཡོད་ཅིང་། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་དགོང་མོར་ཁང་པའི་ནང་དུ་ཆུ་བླུགས་པའི་སྐབས་དེར་ཐོག་ཁང་གི་ཁྱིམ་མཚེས་ཚོར་སྐྱོབ་རོགས་བྱོས། ཁང་པའི་ནང་དུ་ཆུ་བླུག་ཡོང་གི་འདུག་ཅེས་ཤར་པ་མིག་དམར་གྱིས་ཁ་པར་བཏང་ནས་གདུང་ཤུགས་དྲག་པོས་སྐད་འབོད་བྱས་ཤིང་། ཆོས་ཀྱི་གསལ་བྱེད་ཟེར་བའི་ཁྱིམ་མཚེས་ཤིག་གིས་ཕྱི་ལ་ཕྲོས་ཤོག སུམ་ཐོག་ལ་ཕྲོས་ཤོག་ཅེས་ཁ་པར་ནང་དུ་ལན་འདེབས་བྱས་པ་ཡིན། ཡིན་ནའང་ཁོ་ཚོ་སུམ་ཐོག་ལ་བྲོས་ནས་བསླེབས་མ་སོང་། ངས་སླར་ཡང་ཁོ་ཚོར་ཁ་པར་བཏང་རུང་ཁ་པར་ལེན་གྱི་མི་འདུག ཁོ་ཚོས་སྒེའུ་ནང་ནས་ཆུ་བླུག་ཡོང་གི་འདུག་ཅེས་སྐད་བརྒྱབ་པ་ནི་ངས་ཤར་པ་མིག་དམར་གྱི་སྐད་ངག་ཐོས་པ་མཐའ་མ་དེ་ཡིན་ཞེས་ཕྱིར་དྲན་བྱས་ནས་གསར་འགོད་པར་གླེང་མོལ་བྱས་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ནེའུ་ཡོཀ་མངའ་ཁུལ་གྱི་ཤར་པ་རྣམས་དང་བོད་པ་སྒེར་པ་སོགས་ཀྱིས་ཤར་པའི་ཁྱིམ་ཚང་ཞིག་གི་མི་གསུམ་ཆུ་ལོག་ནང་དུ་འདས་གྲོངས་སུ་གྱུར་པར་མྱ་ངན་དང་མཆོད་འབུལ་དགེ་སྒྲུབ་བྱས་པར་མ་ཟད། ཟླ་བ་ཤར་པ་ཞེས་པའི་ཁྱིམ་ཚང་དེའི་ངོ་ཤེས་ཤིག་གིས་ང་ཚོའི་བློ་ཡུལ་དུ་ཤོང་མི་ཐུབ་པའི་ཆག་སྒོ་ཆེན་པོ་ཞིག་བྱུང་སོང་ཞེས་བཤད། དེ་བཞིན་ངག་དབང་ཕུར་པ་བླ་མ་ཞེས་པའི་གྲོགས་པོ་ཞིག་གིས་ཀྱང་ཤར་པ་མིག་དམར་དང་ཁྱོ་ག་བློ་བཟང་བླ་མ་གཉིས་ནི་རྟག་ཏུ་མི་ལ་རོགས་ཕན་བྱེད་མཁན་དང་ཤར་པའི་སྐྱིད་སྡུག་ལ་འགན་ཁུར་ལེན་མཁན་མི་ཧ་ཅང་ཡག་པོ་ཞིག་ཡིན། ཆུང་མ་ཤར་པ་མིག་དམར་ཡང་ཧ་ཅང་གི་མི་ཡག་པོ་ཞིག་ཡིན། ཁོ་ཚོ་འདྲིས་བདེ་པོ་དང་མཐུན་པོ། ད་ལྟ་བཟའ་མི་གསུམ་པོ་གྲོངས་པ་རེད་ཟེར་ན་ང་ཚོ་ཧང་སང་ནས་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། གཟའ་པ་སངས་ཉིན་ནེའུ་ཡོཀ་མངའ་ཁུལ་གྱི་བལ་པོའི་ཚོགས་སྡེ་ཁག་གིས་ཀྱང་ཤར་པ་ཁྱིམ་ཚང་ཞིག་གི་མི་གསུམ་ཆུ་ལོག་གི་ནང་དུ་འདས་གྲོངས་སུ་གྱུར་པར་མྱ་ངན་དང་མཆོད་འབུལ་བྱས་འདུག ཨ་རིའི་རྒྱ་གྲམ་དམར་པོས་ནེའུ་ཡོཀ་མངའ་ཁུལ་གྱི་ཁྱིམ་ཚང་༡༧་ཉེན་སྐྱོབ་བྱས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG