ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གནམ་གཤིས་འགྱུར་ལྡོག་དང་ཧི་མ་ལ་ཡའི་ལྗོངས་ཀྱི་སྨན་རྩྭ།


༄༅།། ཕྱི་ཟླ་༤་པའི་ཚེས་༢༢་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་འཛམ་གླིང་གི་སའི་གོ་ལའི་ཉིན་མོར་ང་ཚོ་ཚང་མ་འཚོ་གནས་བྱ་ཡུལ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ནི་རྒྱལ་མཚམས་ཀྱི་བཅད་རྒྱའི་ནང་ཁུལ་དུ་འབྱུང་གི་ཡོད་པ་ཞིག་མིན་པར་མི་ཐམས་ཅད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། ང་ཚོ་འཛམ་གླིང་གི་དཔལ་འབྱོར་ལས་རིགས་ཁག་ལ་འབྲེལ་བ་ཡོད་པས་འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་དོན་ལ་བསམ་བློ་གཏོང་དགོས། ངོས་ཀྱི་མི་ཚེའི་རིང་འདིར་ཐོག་མར་བོད་དང་དེ་ནས་རྡ་རམ་ས་ལར་ཁ་བ་འབབ་རྒྱུ་ཇེ་ཉུང་ཕྱིན་པ་དངོས་སུ་མཐོང་བྱུང་། ཚན་རིག་པ་ཁག་ཅིག་གིས་ངོས་ལ་བོད་ལྟ་བུའི་ས་གནས་ཁག་མཐའ་མཇུག་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་བཤད་མྱོང་། ང་ཚོས་ཤིང་ནགས་གཅོད་བྲེག་བྱ་རྒྱུ་དེར་ཚོད་འཛིན་དང་ཤིང་སྡང་འདེབས་འཛུགས་མང་དུ་བཏང་ནས་ཁོར་ཡུག་ལ་གཅེས་སྤྲས་གང་ལེགས་བྱ་དགོས། ང་ཚོ་འགྲོ་བ་མི་ལ་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཅིག་ཡོད་པས་སའི་གོ་ལའི་གནས་སྟངས་འདིར་བསམ་ཞིབ་བྱེད་ན་བྱ་བ་བཟང་པོ་ཞིག་སྒྲུབ་ཐུབ་པའི་ནུས་པ་ཡོད་ཅེས་སྐྱེ་ཁམས་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་གནང་འདུག རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་གསུང་གི་ཡོད་པ་ནི་བོད་གཅིག་པུར་དགོངས་པ་བཞེས་པ་ཞིག་མིན་པར་ཧི་མ་ལ་ཡའི་ལྗོངས་དང་འཛམ་གླིང་ཧྲིལ་པོར་དམིགས་ནས་གསུངས་པ་ཞིག་ཡིན་པ་གཞིར་བཞག་གིས་གནས་ཚུལ་སྤེལ་འདུག

གནམ་གཤིས་འགྱུར་ལྡོག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཡོངས་ལ་ཤུགས་རྐྱེན་ཐེབས་ཏེ་འབྲས་ལྗོངས་སུ་སྨན་རྩྭ་ཁག་ཅིག་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢༡་ཉིན་རྒྱ་གར་གྱི་ཨི་སི་ཊི་མོ་ཇཱོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ལ་ཡའི་ལྗོངས་ཀྱི་སྨན་རྩྭ་རྣམས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་སྐྱེ་རྒྱུ་མིན་པའི་ཉེན་ཁ་འདུག སྨན་རྩྭ་སྲུང་སྐྱོབ་དང་སྤྱི་གླིང་ཁག་གི་བདག་སྐྱོང་ཐབས་ཇུས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག རྒྱ་གར་གྱི་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་ཐེངས་དྲུག་པའི་ལས་བསྡོམས་ནང་དུ་གནམ་གཤིས་འགྱུར་ལྡོག་གིས་རང་བྱུང་ཁམས་དང་འགྲོ་བ་མིའི་གཤིས་ལུགས་ལ་འགྱུར་བ་ཐེབས་ཀྱི་འདུག་ཅེས་བསྟན་ཡོད་པ་ལྟར་ཞིབ་འཇུག་གསར་པ་གཉིས་ཀྱི་གྲུབ་དོན་ཡང་གཅིག་མཚུངས་བྱུང་འདུག་ཅིང་། འབྲས་ལྗོངས་ཀྱི་བྷིམ་རའོ་ཨམ་བྷེད་ཀར་མཐོ་སློབ་དང་ལྡི་ལི་སློབ་ཆེན་གཉིས་ཀྱིས་ཞིབ་འཇུག་བྱས་ཏེ་༢༠༥༠་ནས་༢༠༧༠་བར་དུ་སྨན་རྩྭ་རིགས་༡༦༣་གྱི་སྐྱེ་ས་དེར་འགྱུར་བ་ཐེབས་རྒྱུ་རེད་ཅེས་སྙན་ཐོ་བཏོན། འབྲས་ལྗོངས་ཀྱི་སྙན་ཐོ་དེར་ཚ་ཡུལ་དུ་སྐྱེ་བཞིན་པའི་སྨན་རྩྭའི་རིགས་མང་དག་ཅིག་རིམ་བཞིན་སྐྱེ་མི་ཐུབ་པར་གྱུར་ཏེ་བྱང་ཕྱོགས་ཀྱི་གཤམ་གཤིས་གྲང་སར་སྐྱེ་རྒྱུའི་རྟགས་མཚན་འདུག དེང་སྐབས་སྨན་རྩྭ་མོད་པོ་སྐྱེ་ཡུལ་ཁག་ལ་འགྱུར་བ་ཐེབས་ནས་སྨན་རྩྭ་བརྒྱ་ཆ་༡༣་ནས་༡༦་ཡས་མས་ཤིག་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་ཆེ། ས་གནས་བྱེ་བྲག་པ་ཞིག་ལ་མ་གཏོགས་སྐྱེ་མི་ཐུབ་པའི་སྨན་རྩྭ་རྣམས་གནམ་གཤིས་འགྱུར་ལྡོག་ཕྱིན་ནས་ཧི་མ་ལ་ཡའི་ལྗོངས་སུ་རྩ་སྟོང་འགྲོ་སྲིད། འབྲས་ལྗོངས་ལ་སྨན་རྩྭ་སྲུང་སྐྱོབ་ཀྱི་སྤྱི་གླིང་༨་ཡོད་པ་དེའི་གྲས་ཀྱི་སྤྱི་གླིང་༥་ལ་གཅེས་སྤྲས་བྱེད་ཐུབ་ཀྱི་འདུག སྨན་རྩྭའི་ཐོན་སྐྱེད་རྣམས་སྲུང་སྐྱོབ་བྱེད་པར་སྨན་རྩྭ་སྐྱེ་ཡུལ་གྱི་ས་ཁྱོན་བྱང་ཕྱོགས་སུ་རྒྱ་བསྐྱེད་དགོས་ཀྱི་འདུག་ཅེས་ཐབས་ཇུས་བསྟན།།

འབྲས་ལྗོངས་ཀྱི་བྷིམ་རའོ་ཨམ་བྷེད་ཀར་མཐོ་སློབ་ཀྱི་ཉམས་ཞིབ་པ་ཀུ་མར་གྱིས་སྨན་རྩྭ་ཁག་ཅིག་འབྲས་ལྗོངས་སུ་ཡག་པོ་སྐྱེ་ཡི་རེད། སྨན་རྩྭ་ཁག་ཅིག་ས་གནས་བྱེ་བྲག་པ་ཞིག་ལ་སྐྱེ་ཡི་ཡོད་པ་དང་ས་གནས་དེའི་གནམ་གཤིས་འགྱུར་ལྡོག་ཐེབས་པའམ། འཛུགས་སྐྲུན་རྒྱ་བསྐྱེད་ན་སྨན་རྩ་དེ་རྣམས་སྐམ་ངེས་རེད། ང་ཚོས་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་སྨན་རྩྭ་དེ་དག་གི་སྐྱེ་ཡུལ་དེར་སྲུང་སྐྱོབ་བྱེད་དགོས་པའི་དུས་ལ་བབས་འདུག གཅིག་བྱས་ན་ཧི་མ་ལ་ཡའི་ཉེ་འཁོར་དང་བར་དཀྱིལ་ཡོངས་རྫོགས་སྲུང་སྐྱོབ་ས་ཁུལ་དུ་བསྒྱུར་ན་མ་འོངས་པར་སྨན་རྩྭ་འཐུ་རྒྱུ་ཡོད་པ་ཞིག་ཏུ་འགྱུར་ཐུབ་པའི་དགེ་མཚན་ཆེ། ང་ཚོའི་སྨན་རྩྭ་སྲུང་སྐྱོབ་ཀྱི་སྲིད་ཇུས་དེར་ནུས་པ་ཆེན་པོ་ཞིག་འཐོན་དགོས་ན་སྨན་རྩྭ་སྐྱེ་ཡུལ་གྱི་ས་ཁོངས་རྒྱ་བསྐྱེད་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་འདུག རྒྱ་གར་གྱི་ལྡེ་ར་ལྡུན་གྲོང་ཁྱེར་གྱི་མཐའ་འཁོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཟུར་པ་པུ་རོ་ཧི་ཏི་དང་རྒྱལ་ཡོངས་ཁོར་ཡུག་ཉམས་ཞིབ་ཁང་གི་ཚན་རིག་པ་ཀན་ཝལ་གཉིས་ཀྱིས་བརྗོད་དོན་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཧི་མ་ལ་ཡའི་ལྗོངས་ཀྱི་གངས་རི་དང་སྲིད་པའི་འཁྱག་རོམ་རྣམས་བཞུས། འཛམ་གླིང་གི་ཆུ་བོ་ཆེ་ཁག་གི་མགོ་ཁུངས་རྣམས་སྐམ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་ཀྱང་དེ་ལ་སྲུང་སྐྱོབ་ཀྱི་ལས་དོན་ཤུགས་ཆེན་པོ་ཞིག་སྒྲུབ་ཀྱི་མེད་པར་མ་ཟད། གནམ་གཤིས་འགྱུར་ལྡོག་བྱུང་སྟེ་ཧི་མ་ལ་ཡའི་ལྗོངས་ཀྱི་སྨན་རྩྭ་དཀོན་རིགས་ལ་སྲུང་སྐྱོབ་བྱ་རྒྱུར་དེ་བས་ཀྱང་དོ་སྣང་བྱེད་ཐུབ་ཀྱི་མི་འདུག ཏོག་དབྱིབས་ནད་ཡམས་ཁྱབ་པའི་སྐབས་དེར་སྲོལ་རྒྱུན་སྨན་གྱི་དགོས་མཁོ་ལྡོབ་གསུམ་བཞི་ཞིག་ཇེ་ཆེར་ཕྱིན་སོང་། ཧི་མ་ལ་ཡའི་ལྗོངས་ཀྱི་སྨན་རྩྭའི་ཐོན་སྐྱེད་དང་འཛམ་གླིང་གི་དགོས་མཁོ་གཉིས་ཁ་མི་མཚུངས་པ་ཞིག་རེད་ཅེས་གསལ་སྟོན་བྱས་འདུག

རྒྱ་གར་གྱི་རྒྱལ་ཡོངས་ཁོར་ཡུག་ཉམས་ཞིབ་ཁང་གི་ཚན་རིག་པ་ཀན་ཝལ་གྱིས་ཧི་མ་ལ་ཡའི་ལྗོངས་ཀྱི་སྨན་རྩྭ་རྣམས་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ས་གནས་དེ་དག་གི་ཡུལ་མི་ཚོར་སྨན་རྩྭ་གདབ་ཏུ་བཅུག་སྟེ་ལས་སྣོན་བྱེད་དུ་འཇུག་དགོས་པ་དང་དེ་ནས་ཁྲོམ་ལ་འཚོང་འགྲེམ་བྱེད་དུ་འཇུག་དགོས། ལྷག་པར་དུ་ས་ཁུལ་དེ་དག་གི་ན་གཞོན་ཚོར་སྨན་རྩྭ་འདེབས་ལས་དང་སྲུང་སྐྱོབ་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་དགོས་ཞེས་བཤད། འབྲས་ལྗོངས་ཀྱི་བྷིམ་རའོ་ཨམ་བྷེད་ཀར་མཐོ་སློབ་ཀྱི་ཉམས་ཞིབ་པ་ཀུ་མར་གྱིས་སྨན་རྩྭ་བརྐོ་འཐུ་ཤུགས་ཆེན་པོ་བྱ་ཡུལ་ཁག་ཏུ་སྨན་རྩྭ་རྣམས་རྩ་སྟོང་འགྲོ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། དེར་བརྟེན་སྨན་རྩྭ་བརྐོ་འཐུ་བྱ་ཡུལ་ལ་རེས་མོས་བྱ་དགོས། དཔེར་ན་བལ་ཡུལ་གྱི་དོལ་པོ་ས་ཁུལ་འཛམ་གླིང་གི་རྩི་ཤིང་དང་རི་སྐྱེས་སེམས་ཅན་སྲུང་སྐྱོབ་ཐེབས་རྩ་ཁང་གི་ཁྱབ་ཁོངས་སུ་བཅུག་སྟེ་ས་གནས་མི་མང་གི་ཉམས་མྱོང་དང་སྲོལ་རྒྱུན་གྱི་ཤེས་རིག་རྣམས་ལག་ལེན་བསྟར་ནས་སྨན་རྩྭ་སྲུང་སྐྱོབ་ཀྱི་གྲུབ་འབྲས་གང་ལེགས་ཐོན་འདུག ཐབས་ཇུས་དེས་སྨན་རྩྭ་སྲུང་སྐྱོབ་བྱེད་ཐུབ་པ་དང་ས་གནས་མི་དམངས་ཀྱི་འཚོ་བ་ཡར་རྒྱས། དཔལ་འབྱོར་གྱི་ཡོང་འབབ་བསྐྲུན་ཐུབ་པ་སོགས་ཀྱི་ཕན་ཐོགས་བྱུང་འདུག་ཅེས་བཤད། རྒྱ་གར་གྱི་མཐའ་འཁོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཟུར་པ་པུ་རོ་ཧི་ཏིས་སྐྱེད་ཚལ་རྩ་ཆེན་དུ་བརྩི་བའི་སྲོལ་རྒྱུན་གྱི་ལྟ་བ་གཞི་རྩར་བཟུང་སྟེ་ས་གནས་ཡུལ་མིའི་ཤེས་རིག་བཀོལ་སྤྱོད་ཀྱིས་རྩ་སྟོང་འགྲོ་སྲིད་པའི་སྨན་རྩྭ་རྣམས་སྲུང་སྐྱོབ་བྱ་དགོས། དེ་ལྟར་བྱུང་ན་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཡང་འགོག་ཐུབ་པའི་རེ་བ་ཡོད། གངས་རིའི་ཁྲོད་དུ་མིའི་བྱེད་ལས་སྒྲུབ་རྒྱུ་བཀག་འགོག་གི་སྲིད་ཇུས་ནན་པོ་ཞིག་གཏན་འབེབས་བྱ་དགོས་ཞེས་ཚིག་འགའ་བསྣན།།

ཕྱི་ཟླ་༤་པའི་ཚེས་༡༩་ཉིན་རྒྱ་གར་གྱི་བང་ཆེན་གསར་པའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་སྨན་རྩྭ་ཁོ་ནར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ཞིག་མིན་ཞིང་། སེ་ཆེན་གངས་ཀྱི་འཁྱག་རོམ་རྣམས་ཀྱང་ཞུ་ཡི་འདུག སེ་ཆེན་གངས་རི་ནི་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་དམག་དོན་འཐབ་ཇུས་ཐོག་ཏུ་གནད་འགག་ཆེན་པོ་རེད། མ་འོངས་པར་དེ་བས་ཀྱང་གནད་འགག་ཆེ་རུ་འགྲོ་ས་རེད་ཅེས་གནས་ཚུལ་ཐོན། དབྱིན་ཇིའི་ལི་ཌི་སློབ་གྲྭ་ཆེན་མོའི་ཉམས་ཞིབ་རུ་ཁག་ཅིག་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་འཁྱོག་རོམ་༡༤༧༩༨་ལ་ཞིབ་འཇུག་བྱས་ཤིང་། ཁོ་ཚོས་དུས་རབས་༡༤་པ་ནས་༡༩་པའི་བར་དུ་ཧི་མ་ལ་ཡའི་རི་གངས་དེར་འཁྱག་བསྐལ་ཆུང་བ་ཞིག་ཚུགས་པའི་འཁྱག་རིས་ཁག་ལ་བལྟས། ཧི་མ་ལ་ཡའི་འཁྱག་རོམ་རྣམས་ཞུ་ཚད་ལྡབ་བཅུ་མགྱོགས་པོ་ཡོད་པ་དང་ས་ཁྱོན་བརྒྱ་ཆ་༤༠་ཡས་མས་ཤིག་གི་འཁྱག་རོམ་བཞུས་ཚར་ཡོད་པ་ཤེས་རྟོགས་བྱུང་འདུག རྒྱ་གར་གྱི་ཚན་རིག་ལྟེ་གནས་ཁང་གི་ས་ཁམས་མཁས་པ་སློབ་དཔོན་ཀུལ་ཀར་ཎིས་བང་ཆེན་གསར་པའི་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། དབྱིན་ཇིའི་ལི་ཌི་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཚོས་འདས་པའི་ལོ་༤༠༠་ནས་༧༠༠་ཡས་མས་ཤིག་ལ་བྱུང་མྱོང་མེད་པའི་ཧི་མ་ལ་ཡའི་ལྗོངས་ཀྱི་འཁྱག་རོམ་རྣམས་ཞུ་ཚད་ལྡབ་བཅུ་མགྱོགས་པོ་ཡོད་པའི་སྙན་ཐོ་བཏོན་རུང་སེ་ཆེན་གངས་ལ་ཁྱད་པར་དེ་ཙམ་འགྲོ་མི་ཐུབ་ཅེས་བཀྲལ། ཁོང་གིས་སེ་ཆེན་འཁྱག་རོམ་ནི་ལ་དྭགས་བྱང་ཕྱོགས་ཀྱི་ཀ་ར་ཀོ་རོམ་དང་ནུབ་ཕྱོགས་སུ་གྷིལ་གྷི་ཏ་བྷོལ་ཊི་སི་ཐན། ཤར་ཕྱོགས་སུ་ཨག་སེ་ཆེན་བཅས་ཡོད་པ་རེད། འགྱུར་ལྡོག་དེ་སེ་ཆེན་གངས་ལ་འགྱུར་བ་ཐེབས་ཀྱི་ཡོད་པའི་སྟབས་ཀྱིས་ཡིན་པ་དང་གནམ་གཤིས་འགྱུར་ལྡོག་གིས་འཁྱག་རོམ་རྣམས་མྱུར་དུ་བཞུས་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་དཀའ་ཞེས་ལྟ་ཚུལ་ཐ་དད་ཅིག་བརྗོད་འདུག

XS
SM
MD
LG