ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༢/༠༥/༢༩

བོད་ཀྱི་ཚྭ་དང་བལ་ཡུལ་མཐའ་མཚམས་ཀྱི་ཡུལ་མིའི་ཚོང་ལས།


1898

༄༅།། བལ་ཡུལ་གྱི་ཟས་རིགས་དང་གོམས་སྲོལ་ལ་དུས་ནམ་ཞིག་དང་ཚུལ་ཇི་ལྟར་བོད་ཚྭ་དར་བ་ཡིན་མིན་ནི་གསལ་པོ་ཞིག་ཤེས་ཐབས་བྲལ། གནའ་སྔ་མོར་བོད་ཚྭ་ནི་བལ་ཡུལ་གྱི་ཧི་མ་ལ་ཡའི་ལྗོངས་ཀྱི་ཡུལ་སྡེ་ཁག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་འཚོ་རྟེན་གཙོ་བོ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད་ཅེས་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༤་པའི་ཚེས་༩་ཉིན་བལ་པོའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཝ་ལུང་དང་ལྷོ་མི། བྷོ་ཏེ་དང་ཤར་པ། བྷི་ཡ་སི་སོ་ཀ་དང་མུ་གྷ་ལི། ཉིན་པ་དང་དོལ་པོ། སྙེ་ཤང་པ་སོགས་ཧུམ་ལའི་ཤར་ཕྱོགས་ཀྱི་ཏབ་ལེ་ཇུང་ནས་དར་ཆུ་ལ་བར་གྱི་ཧི་མ་ལ་ཡའི་ལྗོངས་ཀྱི་བལ་པོའི་གྲངས་ཉུང་མི་རིགས་ཁག་དང་བོད་གཉིས་ལ་སྤྱི་ཚོགས་དང་རིག་གཞུང་། ཆོས་ལུགས་སོགས་ཀྱི་འབྲེལ་བ་དམ་ཟབ་འདུག་ཅེས་བྲིས་ཡོད་ཅིང་། བོད་དང་བལ་ཡུལ་གྱི་མཐའ་མཚམས་ཁག་གི་འཚོ་རྟེན་ཤུགས་ཆེ་བ་ནི་ཞིང་འབྲོག་གི་ཐོན་སྐྱེད་ཡིན་པ་དེའི་སྟེང་དུ་ཚོང་ལས་རྒྱ་སྐྱེད་བྱུང་འདུག ༡༨༥༠་ཐམ་པའི་ཡར་སྔོན་ནས་བོད་ཀྱི་ཚྭ་དང་བལ། གསེར་བྱེ་དང་རྟ། ཕྱུགས་ཟོག་རྣམས་བལ་ཡུལ་དུ་ཕྱིར་ཚོང་བྱས་པ་དང་བལ་ཡུལ་གྱིས་འབྲུ་རིགས་དང་བྲོ་རྫས། གྲི་དང་རས་ཆ། ལག་ཤེས་ཀྱི་ཐོན་སྐྱེད་ཇི་སྙེད་ཅིག་བོད་ལ་ཕྱིར་ཚོང་བྱས་འདུག ༡༧༧༤་ལོར་གོར་ཥའི་རྒྱལ་པོ་པྲི་ཐི་ཝི་ན་ར་ཡན་ཤཱས་དམག་དྲངས་ཏེ་རྡོ་རྗེ་གླིང་དང་བྷི་ཇཱེ་པུར། ལིམ་བྷུ་ཝན་དང་འབྲས་ལྗོངས་བཅས་པ་དབང་དུ་བསྡུས་ནས་མངའ་ཁོངས་རྒྱ་བསྐྱེད། དེ་ལ་བོད་ཁྲོས་ཏེ་བལ་བོད་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ནས་ཚོང་ལས་བཀག་སྟེ་བལ་ཡུལ་ལ་ཚྭ་ཆད། མི་ཚོས་བོད་ཚྭ་ནག་ཚོང་རྒྱག་དགོས་པ་ཞིག་ཏུ་གྱུར། དེའི་རྗེས་སུ་བལ་བོད་གཉིས་ཊམ་ཀའི་ཚོང་ལས་ཐོག་ཏུ་རྩོད་པ་བྱུང་ནས་དམག་འཁྲུག་བརྒྱབ་ཀྱང་ཧི་མ་ལ་ཡའི་གངས་རི་བརྒལ་ནས་བོད་ཚྭ་ཚོང་རྒྱག་རྒྱུ་འགོག་མ་ཐུབ། ༡༨༥༦་ལོར་བལ་བོད་གཉིས་ཀྱིས་གཞུང་འབྲེལ་ཐོག་ཏུ་ཚོང་ལས་སླར་གསོ་བྱས་འདུག་ཅེས་བཀོད།།

ལོ་རྒྱུས་ཉམས་ཞིབ་པ་བྷ་བྷུ་རམ་ཨཱ་ཅྱར་གྱིས་བརྩམས་པའི་རྒྱ་ནག་དང་བོད། བལ་ཡུལ་ཞེས་པའི་དེབ་ཐེར་དུ་བལ་པོའི་ཚོང་པ་ཚོས་བོད་པ་ཚོར་འབྲུ་རིགས་སྤྲད་པ་དང་བོད་པའི་ལག་ནས་ཚྭ་བླངས་ཏེ་ཚོང་ལས་གཉེར། དངུལ་སྒོར་སྤྲོད་ལེན་གྱི་ལམ་སྲོལ་དར་མེད་པའི་སྐབས་དེར་དངོས་ཟོག་བརྗེ་ལེན་ནི་ཚོང་ལས་ཀྱི་ལམ་སྲོལ་གཙོ་བོ་རེད་ཅེས་བྲིས། དེ་བཞིན་ཝིམ་ཝན་སི་པེན་ཇཱེན་གྱིས་བརྩམས་པའི་བོད་པའི་ས་མཚམས་ཁག་གི་འཇིག་རྟེན་ཞེས་པའི་དཔེ་དེབ་ནང་དུའང་དངོས་ཟོག་བརྗེ་ཚོང་ལམ་ལུགས་དེ་༡༩༥༩་བར་དུ་རྒྱུན་འཁྱོངས་བྱུང་འདུག་ཅེས་འཁོད། བོད་ཀྱི་བྱང་ཐང་གི་ཡུལ་མི་རྣམས་འབྲོག་པ་ཡིན་པ་དང་བལ་ཡུལ་གྱི་གྲངས་ཉུང་མི་རིགས་ཁག་སྡེ་གྲོང་ཆགས་ཏེ་ས་ཞིང་འདེབས་ལས་དང་ཕྱུགས་ཟོག་འཚོ་སྐྱོང་ལ་ཞུགས། བོད་དང་བལ་ཡུལ་གྱི་མཐའ་མཚམས་ཁག་གི་ཡུལ་མི་རྣམས་ཧི་མ་ལ་ཡའི་ལྗོངས་ཀྱི་ཚོང་ལས་ལ་བརྟེན་ནས་འཚོ་བར་རོལ། ཚོང་པ་ཚོ་ལམ་ཐག་རིང་པོར་བསྐྱོད་དགོས་པ་དང་དུས་ཡུན་རིང་པོ་འགོར་གྱི་ཡོད་པས་ཕུ་ནུ་ཚོར་ལས་བགོས་བརྒྱབ་སྟེ་ཁག་ཅིག་ཚོང་ལ་བསྐྱོད་པ་དང་འགའ་ཤས་ཤུལ་དུ་བསྡད་ནས་ཁྱིམ་ཚང་བསྐྱངས། རྒྱུ་མཚན་དེའི་ཕྱིར་ན་ཧི་མ་ལ་ཡའི་ལྗོངས་སུ་བུ་སྤུན་ཚོས་ཆུང་མ་གཅིག་ལེན་པའི་ལུགས་སྲོལ་དར། བུད་མེད་གཅིག་གིས་བུ་སྤུན་ཚང་མར་གཉེན་བསྡེབས་ན་ཁྱིམ་ཚང་གི་ཡོང་འབབ་གཅིག་ཏུ་སྤུངས། བུ་སྤུན་རྣམས་ཁྱིམ་ཚང་དེར་བློ་ཁ་ཕྱོགས་ཐུབ་པ་དང་ཁྱོ་ག་གཅིག་ལ་ཤི་ཆད་བྱུང་ཡང་ཆུང་མ་དེ་ཡུགས་མོར་འགྱུར་མི་དགོས་པ། བུད་མེད་དེ་ཁྱིམ་ཚང་གི་ལྟེ་དབུས་སུ་གྱུར་ནས་བུ་སྤུན་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ་ཀྱི་ཡོད་པ་རེད་ཅེས་བྲིས་འདུག

ཨོ་སི་ཊི་རི་ཡའི་མི་རིགས་རིག་པ་བ་ཧེ་མེན་ཌོར་ཧྥོར་གྱི་མི་ཚེའི་དུས་ཡུན་ཕལ་ཆེ་བར་བལ་ཡུལ་དུ་བསྡད་ནས་བལ་བོད་ཀྱི་ཚོང་ལས་ལ་ཞིབ་འཇུག་བྱས་ཏེ་༡༩༨༨་ལོར་ཧི་མ་ལ་ཡའི་ཚོང་པ་རྣམས་ཞེས་དཔེ་དེབ་ཅིག་བརྩམས། ཁོང་གིས་བོད་ཚྭ་རྣམས་བལ་ཡུལ་གྱི་བྱང་ཕྱོགས་མཐོ་སྒང་ནས་ལྷོ་ཕྱོགས་ཀྱི་རྒྱ་ཐང་བར་དུ་ཇི་ལྟར་ཁྱབ་མིན་ཞིབ་འཇུག་བྱས་འདུག ཁོང་གིས་བལ་ཡུལ་ཤར་ཕྱོགས་ཀྱི་ཏབ་ལེ་ཇུང་ནས་བལ་ཡུལ་ནུབ་བྱང་མཚམས་ཀྱི་ཧུམ་ལ། བལ་ཡུལ་གྱི་ནུབ་མཐའི་མ་ཧ་ཀ་ལི་ས་གནས་བཅས་ཀྱི་བལ་པོ་ཚོས་བོད་ནས་ཚྭ་ནང་འདྲེན་བྱས་ཏེ་ཚྭ་ཚོང་གི་དཔལ་འབྱོར་ལ་བརྟེན་འདུག ཨོ་ལང་ཁྱུང་གོ་ལ་དང་གཡང་མ། དགུན་ས་བཅས་སུ་གནས་འཁོད་ཝ་ལུང་བ་ཚོའི་ཆེད་ལས་ནི་བོད་ནས་ཚྭ་བླངས་ཏེ་མེ་ཝ་ཀོ་ལ་ས་གནས་སུ་དྲངས་ནས་ལིམ་བྷུ་བ་ཚོར་དངོས་ཟོག་བརྗེ་ཚོང་བརྒྱབ། ལིམ་བྷུ་བ་ཚོས་བོད་ཚྭ་ཁྱེར་ནས་བལ་ཡུལ་གྱི་རྒྱ་ཐང་ཁག་ཏུ་སོང་སྟེ་འབྲུ་རིགས་དང་ཪས་ཆར་བརྗེས། ཤར་པ་དང་ལྷོ་མི་སོགས་ཀྱིས་སྟོད་དིང་རི་ནས་བོད་ཚྭ་ཉོས་ཏེ་ནང་པ་ལ་བརྒྱུད་ནས་བལ་ཡུལ་དུ་དྲངས། གློ་བོའི་ཡུལ་མི་ཚོས་ཀྱང་བོད་ཚྭ་དྲངས་ནས་བལ་ཡུལ་གྱི་སྦོག་ར་དང་རྒྱལ་ས་ཀ་ཐ་མན་རྡུ་བཅས་ལ་འཚོང་འགྲེམ་བྱས་འདུག གཉེ་ཤང་པ་ཚོས་སྤོག་ར་དང་བྷག་ལུང་། རྡོ་རྗེ་གླིང་དང་ཀ་བློན་སྦུག འབྲས་ལྗོངས་དང་རྒྱ་གར་གྱི་ཀ་ལི་ཀ་ཏ། འབར་མ་བཅས་ལ་བོད་ཚྭ་ཕྱིར་ཚོང་བྱས་ནས་ཚོང་ལས་གཉེར། ཐ་ན་༡༩༦༠་ཐམ་པའི་ལོར་བལ་ཡུལ་གྱི་རྒྱལ་པོ་མ་ཧན་དྷ་རས་གཉེ་ཤང་བའི་ཚོང་པ་ཚོར་དམིགས་བསལ་གྱི་ཕྱིར་སྐྱོད་ལག་འཁྱེར་བཀྲམ་ནས་ཚོང་ཟོག་རྣམས་མ་ལེ་ཤི་ཡ་དང་ཐེ་ལན་ཌི། སིངྒ་པུར་བཅས་ལ་འདྲེན་གཏོང་བྱེད་དུ་བཅུག་པ་རེད། དོལ་པོ་བ་ཚོས་ར་ལུག་དང་མཛོ་གཡག་ལ་བལ་དང་བོད་ཚྭ་བཀལ་ནས་ཏ་ར་ལི་མ་སྒར་དུ་འབྲུ་རིགས་ལ་བརྗེས། ཚྭ་ཚོང་གི་མི་རབས་མཐའ་མ་དེ་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཨེ་རིཀ་ཝ་ལིས་བཟོ་སྐྲུན་བྱས་པའི་ཧི་མ་ལ་ཡ་ཞེས་པའི་གློག་བརྙན་དུ་གསལ། ཨོ་སི་ཁར་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་བདམས་པའི་གློག་བརྙན་དེར་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཏུ་དགའ་མོས་ཆེན་པོ་ཐོབ།།

བལ་པོའི་དུས་བབ་ཚོགས་པར་ལ་མུ་མཐུད་དུ་གནས་ཚུལ་བཀོད་པ་ལྟར་ན། ༡༧༧༠་དོན་གྲངས་ནས་༡༩༦༧་བར་དུ་བལ་བོད་ཀྱི་ཚོང་ལམ་དང་ཚོང་ར་ཁག་ལ་འགྱུར་བ་མ་ཐེབས། ཚྭ་ཚོང་གིས་ཧི་མ་ལ་ཡའི་ལྗོངས་ཀྱི་བལ་བོད་མི་རིགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་བཏང་བར་མ་ཟད། བལ་བོད་མི་རིགས་གཉིས་ཀྱི་སྐྱེ་བོ་སྒེར་པ་ཁག་གི་འབྲེལ་བའང་དམ་ཟབ་བྱུང་སྟེ་ཕྱོགས་གཉིས་ཀྱི་ཚྭ་ཚོང་ནི་ཡོངས་གྲགས་སུ་གྱུར། བོད་ཚྭའི་ཚོང་ལས་ཀྱིས་བལ་པོའི་གྲོང་སྡེ་ཁག་ལ་ཡུན་རིང་གི་ཚོང་འབྲེལ་གང་ལེགས་ཚུགས་ཏེ་འཕེལ་རྒྱས་སོང་། ཡུལ་མི་རྣམས་ཕན་ཚུན་ཡིད་ཆེས་བློ་འགེལ་བྱེད་ཐུབ་པ་ཞིག་ཏུ་གྱུར་པའི་དགེ་མཚན་ཐོན། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་སུ་བལ་ཡུལ་རྒྱལ་ཡོངས་སུ་རྒྱ་གར་ནས་མཚོ་ཚྭ་ནང་འདྲེན་བྱ་དགོས་པ་ཞིག་ཏུ་གྱུར་། ༡༩༥༩་ལོར་བོད་རྒྱལ་ཡོངས་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པ་དང་བལ་ཡུལ་གཞུང་གིས་མཐའ་མཚམས་ཁག་ལ་གྲོང་གསེབ་འཛིན་སྐྱོང་ལྷན་ཁང་རྩ་འཛུགས། གློ་བོའི་ཡུལ་དུ་བོད་པའི་འཇབ་དམག་གི་བརྟེན་གཞི་ཚུགས་དང་བོད་བལ་ས་མཚམས་སུ་དམ་དྲག་ཇེ་ཆེ། བོད་ཚྭ་ནང་འདྲེན་བྱེད་ན་སྒོ་ཁྲལ་མཐོ་དྲགས་པ་དང་རྒྱ་གར་གྱི་མཚོ་ཚྭ་རིན་གོང་དམའ་བ། བལ་ཡུལ་གཞུང་གིས་རླངས་འཁོར་དང་གནམ་གྲུ་སོགས་ཀྱི་ནང་དུ་རྒྱ་གར་ནས་མཚོ་ཚྭ་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་པོ་ཡོད་པས་དུས་རབས་མང་པོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བལ་བོད་ཀྱི་ཚྭ་ཚོང་དཔལ་འབྱོར་ཉམས་རྒུད་ཕྱིན་པ་རེད་ཅེས་བཀོད་འདུག

བོད་ཚྭ་ཉོ་ཚོང་འགགས་ཏེ་དཔལ་འབྱོར་ཉམས་པའི་རྗེས་སུ་བལ་ཡུལ་མཐའ་མཚམས་ཀྱི་ཧི་མ་ལ་ཡའི་ལྗོངས་ཀྱི་མི་དམངས་ལ་གྱོང་གུད་ཆེན་པོ་དང་སྤྱི་ཚོགས་ལ་འགྱུར་ལྡོག འདས་པའི་མི་རབས་མང་པོར་ཚྭ་ཚོང་གཉེར་བའི་མི་མང་ཁག་ཅིག་ས་གནས་གཞན་ལ་གནས་སྤོས་ནས་འཚོ་རྟེན་གསར་པ་ཞིག་འཚོལ་དགོས་པ་ཞིག་ཏུ་གྱུར། དཔེར་ན་ཨོ་ལང་ཁྱུང་མགོ་ལ་ས་གནས་སུ་ཚྭ་ཚོང་ཉམས་ནས་ཡུལ་སྡེ་ཧྲིལ་པོར་དཔལ་འབྱོར་གྱི་ཡོང་འབབ་མེད་པར་གྱུར་ཏེ་མི་མང་རྣམས་དབུལ་ཕོངས་ཀྱི་གནས་སུ་ལྷུང་། ཚྭ་ཚོང་ཉམས་པའི་རྗེས་སུ་བལ་ཡུལ་གྱི་ཧི་མ་ལའི་ལྗོངས་ཀྱི་ཡུལ་སྡེ་ཁག་ཅིག་རྦད་དེ་ཁྱིམ་གཞིས་སྤོར་ནས་ཏབ་ལེ་ཇུང་དང་ཌན་ཀུ་ཏ། རྒྱལ་ས་ཀ་ཐ་མན་རྡུ་དང་རྒྱ་གར་གྱི་རྡོ་རྗེ་གླིང་། གློ་བོའི་ཡུལ་གྱི་ཐག་ལི་པ་རྣམས་རྒྱལ་ས་ཀ་ཐ་མན་རྡུ་སོགས་ལ་གནས་སྤོར་བྱས་ནས་རྒྱལ་སྤྱིའི་ཚོང་ལས་ཁག་ལ་ཞུགས་ཐབས་སུ་འབད། ཤར་པ་ཚོས་ཚྭ་ཚོང་ཉམས་པའི་རྗེས་སུ་རི་འཛེག་དང་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་གསར་པ་གཉེར། དོལ་པོ་བ་ཚོས་སྔར་བཞིན་ཉམས་རྒུད་འགྲོ་བཞིན་པའི་ཚྭ་ཚོང་བློས་མ་བཏང་བར་འབུངས། བལ་བོད་ས་མཚམས་ཀྱི་ཚྭ་ཚོང་བཀག་པའི་རྗེས་སུ་ཕྱོགས་གཉིས་ཀྱི་སྐྱེ་བོ་སྒེར་པ་དང་ཁྱིམ་ཚང་ཁག་གི་འབྲེལ་བ་ཆད། ལག་ཤེས་དང་འཚོ་བའི་གོམས་སྲོལ་ཉམས། སྔོན་ཆད་ར་ལུག་དང་ཕྱུགས་ཟོག་འགྲིམས་སའི་ཁལ་མའི་རྐང་ལམ་རྣམས་དེང་རབས་ཀྱི་འཕྲུལ་རྟ་དང་རླངས་འཁོར་གྱི་རྒྱ་ལམ་དུ་གྱུར། ཚྭ་ཚོང་ཟུར་པ་ཁག་ཅིག་གིས་ཕྱུགས་ཟོག་སྐྱོང་ནས་འབྲོག་ལས་གཉེར་གྱི་ཡོད་ཀྱང་བོད་ཕྱོགས་ནས་ས་མཚམས་བཀག་སྟེ་ཕྱུགས་ཟོག་འཚོ་སྐྱོང་བྱ་ཡུལ་རྩྭ་ས་ཇེ་དཀོན་དུ་སོང་། དེར་བརྟེན་བལ་གྱི་ཐོན་སྐྱེད་ཀྱང་ཇེ་ཉུང་དུ་སོང་སྟེ་ས་གནས་ཀྱི་ཐོན་སྐྱེད་ཁག་ཅིག་རྩ་བརླག་ཏུ་སོང་། བལ་ཡུལ་ཕྱོགས་ནས་ཀྱང་སྔར་ལྟར་བོད་ལ་འབྲུ་རིགས་དང་རས་ཆ་སོགས་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པས་བོད་ཚྭའི་ཚོང་ལས་ཉམས་པའི་ཞོར་དུ་བལ་བོད་མི་རིགས་གཉིས་ཀྱི་མི་དང་མིའི་འབྲེལ་བ། རིག་གཞུང་དང་སྤྱི་ཚོགས་ཀྱི་འབྲེལ་བ། ལག་རྩལ་རྗེས་རེས་ཀྱི་ལམ་སྲོལ་ཁག་ཉམས་ཀྱི་ཡོད་པའི་གནས་ཚུལ་ཞིག་ཐོན་འདུག

XS
SM
MD
LG