ཚེས་༢༥་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན་བོད་མི་གཅིག་འདས་གྲོངས་སུ་སོང་ཡོད་པ་དང་གཅིག་ཤོས་དེ་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག གཟའ་ཉི་མ་དང་ས་ག་ཟླ་བ་ཡིན་པར་བརྟེན་ལྷ་སའི་བར་སྐོར་ནང་མི་ཚོགས་ཀྱང་དུས་རྒྱུན་ལས་མང་བ་ཡོད་འདུག ཡིན་ནའི་རང་སྲེག་ངོ་རྒོལ་བྱས་ཏེ་དུས་ཡུན་རིང་པོ་མ་སོང་བར་ལམ་སེང་ཉེན་རྟོག་ པ་དང་དྲག་ཆས་ཉེན་རྟོག་པ། དམག་མི་སོགས་མང་པོས་མཐའ་སྐོར་ནས་ལམ་སེང་མེ་བསད་ཡོད་ན་ཡང་ལས་འགུལ་སྤེལ་མཁན་ དང་དེ་མིན་མི་སྣ་རེ་གཉིས་འཇུ་བཟུང་བྱས་ཡོད་འདུག་ལ། ཡང་བོད་ནང་ནས་གནས་ཚུལ་ཁ་གསལ་འགྲེལ་བརྗོད་བྱེད་པ་ལྟར་ན། དེ་རིང་རྒྱལ་ས་ལྷ་སརྲ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་གཅིག་ནི་རང་ལོ་༡༩ ལ་སོན་ཙམ་ཡིན་པའི་བོད་མདོ་སྨད་བླ་བྲང་འབོ་ར་སྤུས་ལུང་སྡེ་བའི་མི་ཡིན་འདུག་ལ་གཅིག་ཤོས་ནི་ཨ་མདོ་རྔ་བ་ནས་ཡིན་ཡངམིང་་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། བོད་མི་དེ་གཉིས་ནི་ལྷ་སའི་ཁྲོམ་གཟིགས་སྒང་གི་ཉི་མའི་གླིང་ཞེས་པའི་ཟ་ཁང་གི་ལས་མི་གཉིས་ཡིན་འདུག གནས་ཚུལ་འདིའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱེད་ཡོད་པར་གསན་རོགས་གནང་།