ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་རིང་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པ་ཁུལ་དུ་བོད་མི་ལོ་ན་ ༤༡ ལ་སོན་པ་ཞི་ཆུད་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་ཏེ། རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སོང་བའི་གནས་ཚུལ་ཐོན་འདུག་པ་དང་། དེ་ཡང་གནས་ཚུལ་བྱུང་ཁུངས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གི་གྲ་པ་ཞིག་གིས་འདི་གར་ངོ་སྤྲོད་གནང་དོན་ལ་ ད་རིང་བོད་ཀྱི་དུས་ཚོད་ཉིན་རྒྱབ་ཚོུད་གཉིས་དང་ཕྱེད་ལ་ཙམ་ལ་མིང་ལ་ཞི་ཆུང་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག་པ་དང་། རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སོང་མ་ཐག་བདེ་འཇགས་ཉེན་རྟོག་པས་སྐུ་ཕུང་བཙན་འཁྱེར་བྱས་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག གནས་ཚུལ་བྱུང་ཁུངས་ཀྱིས་འགྲེལ་བརྗོད་གནང་དོན་ལ་ སྐུ་གཤེགས་དམ་ཞི་ཆུང་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གནང་སྐབས་འབོད་ཚིག་གང་བསྒྲགས་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་འདུག་ཀྱང་། ཉིན་གཅིག་གི་སྔ་ནུབ་ཏུ་རང་གི་གྲོགས་པོ་ཚོར་རྒྱ་ནག་གིས་བོད་མི་ཚོར་མཐོང་ཆུང་དང་ཁྱད་གསོད་ཁོ་ན་བྱས་ཏེ། བོད་མི་རིགས་ལ་རྩིས་མཐོང་གཏན་ནས་འཇོག་གི་མི་འདུག་པ་དེ་བཟོད་དཀའ་བ་ཞིག་རེད་ཅེས་གཏམ་གླེང་གནང་འདུག་པ་མ་ཟད། རང་ལུས་མེར་བསྲེགས་མ་བཏང་གོང་རང་ཁྱིམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་ཆེན་པོ་ཞིག་བཤམས་ཏེ་སྨོན་ལམ་བཏབ་པ་སོགས་བྱས་རྗེས་སྐུ་གཟུགས་ལ་མེ་སྤར་རྗེས་མེ་ཤུགས་ཆེན་པོས་ལམ་གསེང་འདས་གྲོངས་སོང་འདུག་ཅེས་འགྲེལ་བརྗོད་བྱས་འདུག གནས་ཚུལ་བྱུང་ཁུངས་ཀྱིས་འགྲེལ་བརྗོད་འགྲེལ་གནང་དོན་ལ་གཞིགས་ན་ ད་རིང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡུལ་ནི་མདོ་སྨད་རྔ་པ་རྫོང་ནས་རྒྱང་ཚད་སྤྱི་ལོ་ ༡༥ ཙམ་གྱི་མཚམས་སུ་ཡོད་པའི་སྒོ་མང་དགོན་ལྷ་སྡེ་ནས་ཡིན་པ་དང་། སྐུ་བཤེགས་ཞི་ཆུང་ལགས་ལ་ཤུལ་ལུས་རང་གི་ཆུང་མ་དང་བུ་ཕྲུག་གཉིས་འདུག་ཅིང་། རྒྱུན་དུ་ཚོ་ཐབས་ཞིང་ལས་ཡིན་པ་དང་། བུ་ཕྲུག་རྒན་པ་བོུ་ ༡༨ ཅན་དང་ཆུང་བ་བུ་ལོ་ ༡༤ ཅན་ཞིག་ཡོད་པའི་འགྲེལ་བརྗོད་གནང་གི་འདུག
XS
SM
MD
LG