ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མདོ་སྨད་རེབ་གོང་དུ་རང་ལུས་མེར་བསྲེག་གི་ངོ་རྒོལ་བྱུང་།


མདོ་སྨད་རོང་བོ་དགོན་ཆེན་གྱི་དགེ་འདུན་པ་ཞིག་གིས་དེ་རིང་གཟའ་ལྷག་པའི་ཉིན་རང་ལུས་མེར་བསྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་དུ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད།

དེ་རིང་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་ཡས་མས་སུ་རེབ་གོང་རོང་པོ་དགོན་ཆེན་གྱི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་བ་རེད།

གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱི་གཟུགས་པོའི་སྟེང་མེ་ལྕེ་མཆེད་བཞིན་པའི་སྐབས་སུ་ས་གནས་མང་ཚོགས་དང་སྐོར་སྲུང་བ་ཁག་ཅིག་གིས་མེ་བསད་པ་དང་། རེབ་གོང་རྫོང་ཆོས་ལུགས་ལས་དོན་ཅུས་ཟེར་བ་དང་དམག་མི་མཉམ་བསྡེབས་ཀྱིས་རྨ་ལྷོ་ཁུལ་མི་རིགས་སྨན་ཁང་དུ་བསྐྱལ་བ་རེད།

མང་ཚོགས་ཀྱིས་རྒྱ་གཞུང་དང་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་པའི་སྨན་ཁང་ལ་ཡིད་ཆེས་མི་བྱེད་པར་བརྟེན། དགོན་པའི་གྲྭ་མང་དང་མང་ཚོགས་ཀྱིས་འཇམ་དབྱངས་དཔལ་ལྡན་ལགས་ཕྱིར་རྩིས་སྤྲོད་བྱེད་དགོས་པའི་སྐད་འབོད་དང་རེ་འདུན་བཏོན་པ་ལྟར། མང་ཚོགས་ལ་རྩིས་སྤྲོད་མི་བྱེད་ཐབས་མེད་བྱུང་སྟེ་རོང་པོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་དུ་རླངས་འཁོར་ཞིག་ནང་བསྐྱལ་ནས་ཡོང་བའི་སྐབས་སུ། ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཞིག་རླངས་འཁོར་གྱི་སྒང་ལ་བཤམས་ནས་སླེབས་སྐབས་ས་གནས་ཀྱི་མི་མང་པོ་དགོན་པའི་ཕྱོགས་སུ་འདུ་འཛོམས་བྱས་ཡོད། ད་ལྟ་འཇམ་དབྱངས་དཔལ་ལྡན་ལགས་ལ་བདག་སྐྱོང་དང་སྨན་བཅོས་བྱེད་བཞིན་པ་རེད།།

མེར་བསྲེག་བཏང་བའི་རྗེས་སུ་སེར་སྐྱ་མང་ཚོགས་སྟོང་ཕྲག་པོ་རོང་པོ་དགོན་པའི་མདུན་གྱི་སྒྲོལ་མ་ཐང་ཆེན་ཟེར་བའི་སྟེང་འདུ་འཛོམས་བྱས་ཏེ་རྒྱལ་བའི་ཞབས་བརྟན་གསོལ་འདེབས་གངས་རིའི་ར་བ་མ་སྐྱོར་བ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུས་དགོས་ཞེས་སྐད་འབོད་ཀྱང་བྱས་ཡོད།

ད་ལྟ་དམག་མི་དང་བདེ་སྲུང་མི་སྣ་མང་པོ་རོང་པོ་དགོན་ཆེན་གྱི་མཐའ་འཁོར་དང་ཉེ་འཁོར་གྱི་གྲོང་རྡལ་མང་པོའི་མང་བཀོད་སྒྲིག་བྱས་ནས་དམ་དྲགས་བྱས་ཏེ། གདུང་སེམས་མཉམ་སྐྱེད་མཚོན་ཆེད་དགོན་པའི་ཕྱོགས་སུ་འགྲོ་མཁན་རྣམས་ལམ་ཁར་བཀག་ནས་འགྲོ་བཅུག་མེད།

རེབ་གོང་རོང་པོ་དགོན་ཆེན་གདན་ས་གསུམ་གྱི་ཁོངས་ཐོས་བསམ་གླིང་གྲྭ་ཚང་གི་འདུལ་གསར་འཛིན་གྲྭའི་དགེ་འདུན་པ་འཇམ་དབྱངས་དཔལ་ལྡན་ལགས་ནི་དགུང་ལོ་༣༨་ཡིན་པ་དང་། རེབ་གོང་རྒྱ་བོ་ལྡོང་ངེའི་མི་ཡིན་ལ། ཕ་མིང་ལ་དཀོན་མཆོག་སྐྱབས་༼ཚེ་འདས་༽དང་། མ་མིང་ལ་ལྕགས་མོ་ཟེར་ཞིང་། ཤུལ་དུ་ད་རུང་སྤུན་གསུམ་དང་སྲིང་མོ་གཉིས་ཡོད། ད་ལྟའི་ཆར་ཁོང་གི་འཆི་གསོན་གྱི་གནས་ཚུལ་གསལ་རྟོགས་མེད་པ་རེད།

XS
SM
MD
LG