ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་ཞིབ་འཇུག་བྱ་དགོས་པའི་འབོད་སྐུལ། 


༄༅།། འཛམ་གླིང་གི་ཚན་རིག་པ་ཚོས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱས་ཏེ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་བྱས་པར་གྲུབ་འབྲས་ངེས་ཤེས་འདྲོངས་པ་ཞིག་ཐོན་མ་སོང་། ད་ལྟ་རྒྱ་ནག་གིས་མཉམ་འབྲེལ་བྱས་མིན་ལ་མ་ལྟོས་པར་༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་ཞིབ་འཇུག་བྱ་དགོས་ཞེས་གཟའ་འཁོར་འདིར་འཛམ་གླིང་གི་ཚན་རིག་པ་དང་ཉམས་ཞིབ་པ་ཚོས་ནན་བརྗོད་བྱས་འདུག ཕྱི་ཟླ་༤་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཚན་རིག་པ་དེ་དག་གིས་བདུན་ཕྲག་སྔོན་མར་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པ་དེར་གློ་ཚད་འདྲ་པོའི་ཏོག་དབྱིབས་ནད་དུག་བྱི་ཕ་ཝང་དང་རི་སྐྱེས་སྲོག་ཆགས་སོགས་ནས་མི་ལ་འགོས་པ་འདྲ་པོ་འདུག ཝུ་ཧན་གྱི་ནད་འབུ་ཕྲ་མོའི་བརྟག་དཔྱད་ཁང་ནས་ཏོག་དབྱིབས་ནད་དུག་ཕྱི་ལ་ཁྱབ་པའི་དོགས་སློང་བྱེད་ཀྱི་ཡོད་པར་ཁུངས་སྐྱེལ་རྙེད་མ་སོང་ཞེས་བཀོད། ཨ་མི་རི་ཀ་དང་ཡུ་རོབ། ཨོ་གླིང་དང་ཉི་ཧོང་བཅས་འཛམ་གླིང་རྒྱལ་ཁབ་ཁག་གི་ཚན་རིག་པ་༢༤་ཡིས་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་ནས་རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཐོ་དེ་དྲང་བདེན་ཞིག་མ་རེད། སྙན་ཐོ་དེ་རྒྱ་ནག་གི་ཆབ་སྲིད་དགོས་མཁོར་གཞིགས་ནས་བཏོན་པ་ཞིག་རེད་ཅེས་བསྟན། ཨེཊ་ལན་ཊིཀ་ཞིབ་འཇུག་ཁང་གི་མཐོ་རིམ་ཉམས་ཞིབ་པ་ཇཱེ་མཱི་མཱེ་ཛེལ་གྱིས་བཤད་པ་ལྟར་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་དེ་འགོ་འཛུགས་དུས་ནས་ཡག་པོ་ཞིག་བྱུང་མ་སོང་། རྒྱ་ནག་གཞུང་གིས་གཏན་ནས་ནད་ཡམས་ལ་འབྲེལ་བ་ཡོད་པའི་ཡིག་ཆ་དང་གཞི་གྲངས་རྣམས་བསྟན་མི་འདུག་ཅེས་བཤད།།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་པ་དེའི་ཚན་པ་ཁག་ཅིག་རྒྱ་ནག་གཞུང་གིས་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པའི་རྟགས་མཚན་འདུག་ཅེས་སྐྱོན་བཙུགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་སྙན་ཐོ་ནི་རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱས་པའི་ཡིག་ཆ་ཁག་ལ་གཞི་བཅོལ་ནས་རྩོམ་སྒྲིག་བྱས་ཤིང་། ཐོག་མའི་ཝུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གི་དཔེ་མཚོན་རྣམས་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཚོར་བལྟ་རུ་མ་བཅུག་པ་དང་དེ་ལ་བརྟག་དཔྱད་བྱེད་དུ་བཅུག་མི་འདུག རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་ཝུ་ཧན་བརྟག་དཔྱད་ཁང་ནས་ཕྱི་ལ་ཁྱབ་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་དོགས་པ་ཡོད་པ་རྣམས་གཙང་སེལ་ཞིག་བྱུང་མ་སོང་ཞེས་བཀྲལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌི་རོ་སི་ཡིས་ཀྱང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་ཡིག་ཆ་གལ་ཆེན་ཁག་དང་གཞི་གྲངས་གནད་འགག་ཅན་རྣམས་རྒྱལ་ཚོགས་ཀྱི་ཞིབ་འཇུག་པ་ཚོར་བསྟན་མི་འདུག་ཅེས་བསྒྲགས། རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཞིབ་འཇུག་མཁས་པ་ལེང་ཝན་ནིན་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སྤྱི་ཁྱབ་འགན་འཛིན་གྱི་སྐྱོན་འཛུགས་དེ་བདེན་པ་མ་རེད་ཅེས་དགག་པ་བརྒྱབ། ཉམས་ཞིབ་པ་མཱེ་ཛེལ་གྱིས་རྒྱ་ནག་གཞུང་གིས་མཉམ་འབྲེལ་བྱས་མིན་ལ་མ་ལྟོས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐབས་ལམ་གཉིས་པ་ཞིག་བརྒྱུད་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་ཞིབ་འཇུག་བྱ་དགོས། རྒྱ་ནག་གཞུང་གིས་ངེས་པར་དུ་ཝུ་ཧན་བརྟག་དཔྱད་ཁང་ནས་ནད་དུག་ཕྱི་ལ་ཁྱབ་མེད་པའི་ཁུངས་སྐྱེལ་དང་དཔང་རྟགས་ཀྱི་ཡིག་ཆ་རྣམས་སྟོན་དགོས། རྒྱ་ནག་གཞུང་གིས་ཝུ་ཧན་བརྟག་དཔྱད་ཁང་དུ་ནད་དུག་ཅི་ཞིག་ཉར་ཚགས་བྱེད་ཡོད་མེད་དང་བརྟག་དཔྱད་ཁང་གི་ཞིབ་འཇུག་ཡིག་ཆ་རྣམས་སྟོན་དགོས་ཞེས་དགོས་འདུན་བཏོན།།

ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚན་རིག་པ་ཁག་ཅིག་གིས་དཀྲོག་གཏམ་སྒྲོགས་ཀྱི་ཡོད་པའི་དགོས་པ་ནི་རང་ངོས་ནས་ར་འཕྲོད། དེ་ནི་ཨ་མི་རི་ཀ་ལྟ་བུའི་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་སྒྱུར་གྱི་ཡོད་པ་ལས་རྒྱ་ནག་ལ་ནག་ཉེས་ཅི་ཡང་མེད། ཁོ་ཚོས་བསམ་བཞིན་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་ཟེར་ནས་རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པར་གཏོར་བརླག་བྱེད་ཀྱི་འདུག རྒྱ་ནག་ཡིད་རྟོན་མི་རུང་བ་ཞིག་ལ་སྒྱུར་ཐབས་དང་རང་བཙན་གྱི་ཞིབ་འཇུག་པ་ཚོས་ཚན་རིག་དང་མཐུན་པའི་མཉམ་འབྲེལ་ཞིབ་འཇུག་བྱས་པའི་སྙན་ཐོ་དེར་ལོག་འགྲེལ་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་ལས་སྣེ་ཟུར་པ་ཇཱེ་མཱི་མཱེ་ཛེལ་གྱིས་ང་ཚོའི་ཡོངས་གྲགས་ཀྱི་སྙན་ཞུ་དེར་གནད་དོན་གལ་ཆེན་ཁག་ཅིག་བཀོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཚབས་ཆེའི་གནད་དོན་དེ་ཚོར་འགྲེལ་བཤད་རྒྱག་རྒྱུའི་ཚབ་ཏུ་འཛམ་གླིང་གི་ཚན་རིག་པ་གྲགས་ཅན་༢༠་ལྷག་གི་དོགས་སློང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག ང་ཚོའི་ཞིབ་འཇུག་མཁས་པ་ཚོས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྩད་གཅོད་བྱ་དགོས་ཞེས་པ་ནི་རྒྱུ་མཚན་ལྡན་པ་དང་གཞི་རྩའི་དོགས་གཅོད་ཁག་ཅིག་ཡིན་ཞེས་ལན་བཏབ། རྒྱལ་སྤྱིའི་ཚན་རིག་པ་དེ་དག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བསྐྱར་དུ་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་དྲང་བདེན་དང་རང་བཙན་གྱི་ཞིབ་འཇུག་ཅིག་བྱེད་མ་ཐུབ་ཚེ། རྒྱལ་ཁབ་ཁག་གིས་རང་ངོས་ནས་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོས་ཞེས་བཤད།།

འཛམ་གླིང་གི་ཚན་རིག་པ་དེ་དག་གི་མིང་རྟགས་བཀོད་པའི་སྙན་ཞུ་དེར་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཚོར་མ་བསྟན་པའི་ཡིག་ཆ་ཁག་དང་གཞི་གྲངས་རྣམས་བསྟན་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གསལ་པོ་བྱེད་དགོས། རྒྱ་ནག་གཞུང་གིས་ཡིག་ཆ་དང་གཞི་གྲངས་དེ་རྣམས་ཕྱིར་བསྒྲགས་བྱས་ནས་མཉམ་འབྲེལ་གང་ལེགས་བྱེད་ན་རབ་རེད། གལ་སྲིད་མཉམ་འབྲེལ་མ་བྱས་ན་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་ངོས་ནས་ཐད་ཀར་རྒྱ་ནག་གཞུང་ལ་ཡིག་ཆ་དེ་རྣམས་སྟོན་དགོས་ཞེས་གནོན་ཤུགས་སྤྲད་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་ཞིབ་འཇུག་བྱ་དགོས། རྒྱལ་ཁབ་ཚང་མས་རྒྱ་ནག་ལ་ཡིག་ཆ་དང་གཞི་གྲངས་དེ་རྣམས་སྟོན་དགོས་ཞེས་གནོན་ཤུགས་སྤྲད་ན་རྒྱ་ནག་གིས་ཀྱང་མཉམ་འབྲེལ་བྱ་དགོས་ཐུག་ངེས་རེད། དེས་ན་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་གང་ཡིན་དོགས་པ་མེད་པ་དང་ཞིབ་འཇུག་གཙང་ཞིག་བྱེད་ཐུབ་ཅེས་འཁོད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ནུས་པ་ཆེན་པོ་ཡོད་པའི་ཡིད་ཆེས་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་ནས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་བསྐྱར་དུ་ཞིབ་འཇུག་ཡག་པོ་ཞིག་བྱ་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་གཅིག་གི་རྗེས་སུ་མ་གཏོགས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་རྣམས་ཝུ་ཧན་གྲོང་ཁྱེར་ལ་ཡོང་དུ་བཅུག་མེད་ཅིང་། ལོ་གཅིག་གི་གཞུག་ཏུའང་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་པ་ཚོར་རང་དབང་ཡོད་པ་དང་མི་ལ་སྐད་ཆ་འདྲི་ཆོག་པ་སོགས་ཀྱི་ཞིབ་འཇུག་ཚད་ལྡན་ཞིག་བྱེད་དུ་བཅུག་མེད་པ་རེད།།

༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ནས་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་༡་དང་བྱེ་བ་༣་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་གྲངས་ས་ཡ་༣་མ་ཟིན་ཙམ་ལ་འཆི་སྐྱོན། ཨ་མི་རི་ཀ་གཅིག་པུར་མི་གྲངས་ས་ཡ་༣༡་ལ་ནད་དུག་འགོས་པ་དང་མི་གྲངས་འབུམ་༥་དང་ཁྲི་ཚོ་༦་ལ་ལྷག་འཆི་སྐྱོན།

ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་མི་གྲངས་ས་ཡ་༡༣་དང་འབུམ་༣་ལྷག་ལ་ནད་དུག་འགོས། མི་གྲངས་འབུམ་༣་དང་ཕྱེད་ཀ་ཙམ་ལ་འཆི་སྐྱོན། རྒྱ་གར་ལ་མི་གྲངས་ས་ཡ་༡༣་དང་འབུམ་༡་ལྷག་ལ་ནད་དུག་འགོས། མི་གྲངས་འབུམ་༡་དང་ཁྲི་ཚོ་༧་མས་ཤིག་ལ་འཆི་སྐྱོན་བྱུང་། འདས་པའི་ལོ་གཅིག་ལྷག་ལ་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེར་ཏོག་དབྱིབས་ནད་དུག་ཁྱབ་ནས་ཚོང་ལས་དང་འགྲིམ་འགྲུལ་འགགས། འཛམ་གླིང་མི་དམངས་ཀྱི་རྒྱུན་ལྡན་འཚོ་བར་གཏོར་བརླག བྱིས་པ་དུང་ཕྱུར་མང་པོ་སློབ་གྲྭར་ཚོགས་མ་ཐུབ་པར་མི་རབས་གཅིག་གི་ཤེས་ཡོན་སློབ་སྦྱོང་ལ་བར་ཆད། མི་གྲངས་ས་ཡ་མང་པོའི་ལས་ཀ་ཤོར་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། ད་ལྟ་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་གཅིག་ལྷག་གི་རྗེས་སུའང་རྒྱལ་ཁབ་མང་ཆེ་བར་ནད་དུག་སྔོན་འགོག་གི་སྨན་ཁབ་མི་རག་པའི་དཀའ་ངལ། ལོ་གཅིག་གི་རྗེས་སུའང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཧུ་ཝན་བརྟག་དཔྱད་ཁང་ནས་ནད་དུག་ཕྱི་ལོ་ཁྱབ་པའམ། ཡང་ན་ཝུ་ཧན་གྲོང་ཁྱེར་གྱི་ཤ་ཁྲོམ་དེར་གསོན་འཚོང་བྱེད་ཀྱི་ཡོད་པའི་རི་སྐྱེས་སྲོག་ཆགས་དང་ཕ་ཝང་སོགས་ནས་མི་ལ་འགོས་པ་ཡིན་མིན་གྱི་ལན་གསལ་པོ་ཞིག་རྙེད་མེད་པ་རེད།།

XS
SM
MD
LG