ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཤེས་ཡོན་ཅན་ཞིག་གིས་དམར་ཤོག་ཚོགས་པར་སྐྱོན་བརྗོད། 


༄༅།། རྒྱ་ནག་དམར་ཤོག་གཞུང་གིས་ཤེས་ཡོན་ཅན་ཚོར་དྲག་གནོན་དང་དེ་དག་གི་ཞིབ་འཇུག་གྲུབ་འབྲས་ཁག་ལ་སྟངས་འཛིན། རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ཕྱི་རྒྱལ་གྱི་ཞིབ་འཇུག་སྡེ་ཚན་ཁག་ལ་འབྲེལ་བ་ཡོད་པ་རྣམས་གཞུང་གིས་འགོག་གི་ཡོད་པར་ཆིང་ཧྭ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་གི་འཆད་ཁྲིད་པ་ཟུར་པ་ཞིག་གིས་སྐྱོན་བརྗོད་བྱས་འདུག དེ་ཡང་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་ལོ་ན་༥༠་ཐམ་པར་སོན་པའི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་འཆད་ཁྲིད་པ་ཟུར་པ་ཝུ་ཆང་ལ་དམིགས་བསལ་བཅར་འདྲི་ཞུས་པ་ལྟར་ན། རྒྱ་ནག་གཞུང་གིས་ཤེས་ཡོན་ཅན་ཚོར་དྲག་གནོན་བྱ་རྒྱུ་མཚམས་ཚིགས་མེད་པར་ཝུ་ཆང་གིས་ངོ་རྒོལ་བྱས་ཤིང་། ༢༠༡༥་ལོར་རྒྱ་ནག་གཞུང་གིས་ཝུ་ཆང་སྐད་གྲགས་ཅན་གྱི་སློབ་ཆེན་དེའི་སྲིད་དོན་ཚན་རིག་འཆད་ཁྲིད་པའི་དགེ་རྒན་གྱི་ལས་གནས་ནས་ཕྱིར་འབུད་བྱས་འདུག ད་ལྟ་ཝུ་ཆང་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་གྱི་མཐའ་འཁོར་དུ་ཆགས་པའི་གྲོང་གསེབ་ཅིག་ཏུ་འཚོ་གནས་བྱེད་བཞིན་ཡོད་པ་སྟེ། ཁོང་གིས་གསར་འགོད་པར་རྒྱ་ནག་གཞུང་གིས་ང་ཆིང་ཧྭ་སློབ་གྲྭ་ཆེན་མོ་ནས་ཕྱིར་འབུད་བྱས་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་མ་བརྒྱབ་པར་ང་ལ་ཕྱི་ནང་གཉིས་སུ་འབྲེལ་བ་ཡོད་པ་ཚང་མ་བཀག་སོང་། མི་ཚོས་ང་ཁྲིམས་འགལ་བྱེད་མཁན་ཞིག་ལ་གྱུར་པ་རེད་བསམས་ཡོད་ཤས་ཆེ། ང་ཕྱིར་འབུད་བྱེད་སྟངས་དེས་ཆིང་ཧྭ་སློབ་གྲྭ་ཆེན་མོར་འཇིགས་སྣང་གི་རྦ་རླབས་ཤིག་འཕྱུར་སོང་ཞེས་བཤད། དེང་སྐབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་སྡང་ཟུག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་ཝུ་ཆང་གིས་མུ་མཐུད་དུ་ཕྱི་རྒྱལ་གྱི་གསར་འགོད་པའི་བཅར་འདྲི་ཁག་ལ་དང་ལེན་ཞུས། ཁོ་པ་ལས་གནས་ནས་ཕྱིར་འབུད་བྱས་པར་སྔ་ལོ་ཁྲིམས་ལ་གཏུགས་ནས་ཁ་མཆུ་བཙུགས་འདུག

ཆིང་ཧྭ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་འཆད་ཁྲིད་པ་ཟུར་པ་ཝུ་ཆང་གིས་མུ་མཐུད་དུ་གསར་འགོད་པར་བཤད་པ་ལྟར་ན། ང་ཆིང་ཧྭ་སློབ་གྲྭ་ཆེན་མོས་ཁྲིམས་འགལ་ཐོག་ཏུ་ཕྱིར་འབུད་བྱས་པར་ངོ་རྒོལ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ངས་རང་གི་བསམ་བློའི་ནང་དང་དྲྭ་ལམ་དུ་མཆན་བྲིས་ནས་ངོ་རྒོལ་བྱེད་ཀྱི་ཡོད། ངོ་རྒོལ་བྱ་རྒྱུ་མཚམས་འཇོག་མི་ཉན་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་རེད། ང་ཚོས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་ཁག་ལ་མཆན་བྲིས་ནས་གླེང་སློང་གི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱ་དགོས་ཀྱི་འདུག ལོ་བཅུའི་གོང་དུ་པེ་ཅིང་གྲོང་ཁྱེར་གྱི་གྲོང་ཟུར་ཀུན་གྱི་ཚོགས་ཁང་རྣམས་མི་ཚོགས་ཀྱིས་གཏམས། ད་ལྟ་ཚོགས་ཁང་དང་མི་ཚོགས་དེ་དག་མཐོས་ཐོས་མེད་པར་གྱུར་པ་དང་མི་ཚང་མས་སུ་གར་སོང་ཆ་མེད་དུ་གྱུར་འདུག ཉེ་ཆར་སུ་བཀག་ཉར་བྱས་འདུག དེའི་གཞུག་ཏུ་སུ་འཛིན་བཟུང་དང་བཀག་ཉར། ཡང་ན་གར་སོང་ཆ་མེད་དུ་འགྱུར་རྒྱུ་ཡིན་མིན་ལ་དངངས་འཚབ་ལངས། ང་ཚོ་བསྐྱར་དུ་ནམ་འཚོགས་ཐུབ་རྒྱུ་རེད་ཟེར་བ་སོགས་ངང་སྒུག་བྱས་ནས་བསྡད་འདུག་ཅེས་བསྟན། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་རྣམས་འཛིན་བཟུང་བྱས་པ་དང་ལས་གནས་ནས་ཕྱིར་འབུད། ཕྱི་རྒྱལ་ལ་རྒྱང་ཕུད་བཏང་དུ་བཏང་སྟེ་རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ཁ་བཀག ༢༠༡༣་ལོར་རྒྱ་ནག་གཞུང་གིས་ནང་ཁུལ་དུ་ཡིག་ཆ་ཨ་༩་པ་ཞེས་པ་ཞིག་བཀྲམ་སྟེ་རྩ་ཁྲིམས་ཀྱིས་སྐྱོང་བའི་དམངས་གཙོ་དང་ཁྲིམས་ལྡན་སྤྱི་ཚོགས། གསར་འགོད་རང་དབང་སོགས་ལྟ་གྲུབ་རྫུན་མ་རྣམས་དར་སྤེལ་གཏོང་མི་ཆོག་ཅེས་རྒྱ་ནག་གི་སློབ་ཆེན་ཁག་གི་སློབ་ཁྲིད་ལམ་ལུགས་དང་སློབ་ཕྲུག་གི་བསམ་བློའི་རང་དབང་། སྨྲ་བརྗོད་རང་དབང་རྣམས་བཀག་སྟེ་རྒྱ་ནག་གི་ཤེས་ཡོན་ཅན་ཚོར་རྡུང་རྡེག་གཏོང་རྒྱུ་མགོ་བརྩམས།།

༢༠༡༥་ལོའི་ཕྱི་ཟླ་༧་པའི་ཚེས་༩་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཤེས་ཡོན་ཅན་དང་གཞུང་འཛིན་མིན་པའི་ཚོགས་པ་ཁག སྤྱི་དམངས་ཁྲིམས་རྩོད་པ། རང་དབང་གི་གསར་འགོད་པ་ཚོར་དྲག་གནོན་བྱས་ནས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཁྲིམས་རྩོད་པ་སོགས་མི་༣༠༠་ལྷག་བཟུང་། སྔ་ལོ་གཅིག་པུར་རྒྱ་ནག་གི་ཚོང་པ་སྟོབས་འབྱོར་ཅན་རེན་ཀྲི་ཆང་ལ་ལོ་༡༨་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁྲིམས་ལུགས་མཁས་པ་ཤུའི་ཀྲང་རུན་གྱིས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་བྲིས་ཏེ་ཆིང་ཧྭ་སློབ་གྲྭ་ཆེན་མོ་ནས་ཕྱིར་འབུད། རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སློབ་གྲྭའི་སློབ་དཔོན་ཚེ་ཞཱ་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་ནི་ཇག་ཚོགས་ཤིག་གི་ཇག་གཙོ་འདྲ་པོ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པའི་སྒྲ་སྐད་ཕྱི་ལ་ཁྱབ། ཁོ་མོ་རང་ཡུལ་དུ་འདུག་མ་ཕོད་པར་ཨ་མི་རི་ཀར་བྲོས་བྱོལ་དུ་སོང་སྟེ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་འབུད། རྒྱ་ནག་གཞུང་གིས་མི་གྲངས་ས་ཡ་མང་པོ་རང་ཁྱིམ་དུ་བཀག་སྟེ་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་པ་དང་རྒྱལ་སྤྱིའི་ཐོག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་རྫིག་ཉམས་བསྟན། རྒྱལ་ནང་དུ་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་མཐའ་གཅིག་ཏུ་དྲག་གནོན། ད་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དུས་དྲན་དགའ་སྟོན་བྱེད་ཀྱི་ཡོད་པས་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ནི་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ། ཞི་བདེ་བརྟན་ལྷིང་དང་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་ཞིག་ཡིན་པའི་ལྟ་སྟངས་འཛིན་དགོས་པ་ཞིག་ཏུ་གྱུར། ཉེ་ཆར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱི་ལོ་འཁོར་ཚོགས་ཆེན་ཁག་ཏུ་རྒྱ་ནག་ལ་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་བསྒྲགས།།

རྒྱ་ནག་གི་ཤེས་ཡོན་ཅན་ཝུ་ཆང་གིས་དུས་དྲན་དེ་ཤུགས་ཆེན་པོ་ཞིག་སྤེལ་ནས་སྔོན་ཆད་ཨུ་རུ་སུའི་དམར་ཤོག་ལམ་ལུགས་ཉམས་རྒུད་དང་ཤར་ཡུ་རོབ་ལ་དམར་ཤོག་ལམ་ལུགས་ཉམས་རྒུད་ཕྱིན་པ་རྣམས་རྒྱ་ནག་གིས་གཡོལ་ཐུབ་ཡོད་པའི་དགའ་སྟོན་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པ་གནས་ཐབས་སུ་མི་དམངས་ལ་དྲིལ་བསྒྲགས་བྱས་ནས་དམར་ཤོག་གི་འགོ་ཁྲིད་ཚོ་ཁྲིམས་མཐུན་ཡིན་པའི་བག་ཆགས་འཇོག་ཐབས་བྱེད་ཀྱི་འདུག རྒྱ་ནག་གི་ཤེས་ཡོན་ཅན་རྣམས་ཕྱི་རྒྱལ་ལ་འབྲེལ་བ་མེད་པར་བསམ་བློ་བརྗེ་རེས་བྱ་རྒྱུ་མཚམས་ཆད། ལྟ་བ་དང་རིག་པ་གསར་པ་ཡོང་ས་མེད་པར་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་འབའ་ཞིག་གིས་བསྡམས་ནས་ཤེས་ཡོན་རྣམས་ཤེས་ཡོན་གྱི་དབུལ་ཕོངས་སུ་གྱུར་འདུག རྒྱ་ནག་གཞུང་གི་ལྟ་གྲུབ་དར་སྤེལ་གཏོང་མཁན་རྣམས་ཀླུང་རྟ་དར་གྱི་ཡོད་པ་དང་ངས་དྲྭ་ལམ་དུ་མཆན་བྲིས་པ་ངལ་རྩོལ་གྱི་གྲུབ་འབྲས་ཡིན། ངས་གྲུབ་འབྲས་དེར་མྱོང་རོལ་བྱེད་ཀྱི་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་ཤེས་ཡོན་ཅན་ཚོར་དྲག་གནོན་བྱས་པའི་སྟབས་ཀྱིས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གྲོགས་མེད་ཁེར་རྐྱང་དུ་ལུས་པ་དང་ནང་ཁུལ་གྱི་འགལ་ཟླ་ཆེ་རུ་སོང་། ཆིང་ཧྭ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་འཆད་ཁྲིད་པ་ཝུ་ཆང་གིས་ང་ཚོའི་མི་རབས་འདི་༡༩༨༩་ལོའི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་མི་རབས་དེ་རེད། རྒྱ་ནག་མི་དམངས་ལ་རང་དབང་གི་བྲོ་བ་ཞིག་མྱོང་དུ་འཇུག་དགོས། རང་དབང་གི་བྲོ་བ་དེ་མྱོང་ཕྱིན་ཆད་ལ་རང་དབང་རྩོད་ལེན་བྱ་རྒྱུ་ནམ་ཡང་འདོར་མི་སྲིད་ཅེས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་བཅར་འདྲི་རིང་པོ་ཞིག་ཞུས་འདུག

ཞིས་ཅིན་ཕིང་གིས་རྒྱ་ནག་ལ་རིག་གནས་གསར་བརྗེའི་དུས་སྐབས་ལྟར་དྲག་གནོན་བྱེད་ཀྱི་ཡོད་ཀྱང་ན་གཞོན་ཚོས་འཐབ་རྩོད་བྱ་རྒྱུ་མཚམས་མི་ཆད། ཟླ་བ་འདིའི་མགོ་སྟོད་དེར་རྒྱ་ནག་གི་སློབ་ཆེན་མཐར་ཕྱིན་པ་སྟོང་ཕྲག་མང་པོས་ལག་ཤེས་མཐར་ཕྱིན་སློབ་ཕྲུག་ཅེས་མཚན་གནས་གདགས་མི་ཆོག་པའི་ངོ་རྒོལ་ལས་འགུལ་སྤེལ། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༩༨་ནས་༢༠༡༨་བར་དུ་རྒྱ་ནག་གི་སློབ་ཆེན་མཐར་ཕྱིན་སློབ་མ་༣༤༠༠༠༠༠་ནས་༢༨༣༠༠༠༠༠་བར་དུ་ཇེ་མང་དུ་སོང་། རྒྱ་ནག་གི་སྤྱི་ཚོགས་ཀྱི་འབྲེལ་བ་དང་འགྲིམ་འགྲུལ་རྣམས་ཇེ་མང་། ཆེད་ལས་ཀྱི་འགྲན་རྩོད་རྣོ་ངར་ཇེ་ཆེར་སོང་། ཇི་སྲིད་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སོང་སྟེ་གཞོན་སྐྱེས་ཚོར་ལས་རིགས་བཀོད་སྒྲིག་བྱེད་ཐུབ་ན་སྤྱི་ཚོགས་ལ་བདེ་འཇགས་འབྱུང་། རྒྱ་ནག་གི་རྒྱལ་སྤྱིའི་ཐོག་ཏུ་འཁྲུག་རྩོད་བསླངས་པ་དང་ཚོང་གྲོགས་རྒྱལ་ཁབ་ཕལ་ཆེ་བར་འབྲེལ་བ་སྡུག་ཏུ་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་འགྲོ་མ་ཐུབ་པ་དང་ལས་ཀའི་གོ་སྐབས་མེད་ཚེ། རྒྱ་ནག་གི་ན་གཞོན་ཚོས་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུ་ལྡོག་ཏུ་མེད་ཅིང་། ཉེ་དུས་ཤིག་ནས་རྒྱ་ནག་གི་ན་གཞོན་ཚོར་གཉེན་སྒྲིག་མི་བྱེད་པ་དང་ཕྲུ་གུ་མི་སྐྱེ་བ། ཆེད་ལས་ཀྱི་འགྲན་སྡུར་ལ་མི་ཞུགས་པ་དང་རྩོལ་སྒྲུབ་མི་བྱེད་པ། ཕུགས་འདུན་མི་འཆང་བར་འཚོ་བ་འཁྱོལ་ཐབས་དང་མི་ཚེ་འཁྱོལ་ཐབས་ཀྱི་འདུ་ཤེས་ཤིག་བཟུང་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན། དཔེར་ན་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གསུམ་རེ་སྐྱེ་ཆོག་ཅེས་ཁྱབ་བསྒྲགས་བྱས་ཀྱང་ན་གཞོན་ཚོས་ཕྲུ་གུ་གསུམ་ནི་ལྟ་ཞོག ཐ་ན་ཕྲུ་གུ་གཅིག་ཀྱང་སྐྱེ་རྒྱུ་མིན་ཞེས་རྒྱ་ནག་གཞུང་གིས་རྒན་རྒོན་གྱི་མི་འབོར་མང་དྲགས་པ་དང་གཞོན་སྐྱེས་ཀྱི་མི་འབོར་ཉུང་དྲགས་པ་གསབ་ཐབས་བྱེད་ཀྱི་ཡོད་པར་ན་གཞོན་ཚོས་རྒྱབ་སྐྱོར་མེད་པའི་ལངས་ཕྱོགས་བཟུང་། རྒྱ་ནག་མི་དམངས་ཀྱིས་དམར་ཤོག་སྲིད་གཞུང་དེར་མངོན་གསལ་དོད་པོ་དང་ཡོངས་གྲགས་སུ་ངོ་རྒོལ་བྱེད་ཐུབ་ཀྱི་མེད་ཀྱང་སྐྱེ་བོ་སྒེར་གྱི་སྤྱོད་པ་འཛིན་སྟངས་ཐོག་ཏུ་གཞུང་གི་སྲིད་ཇུས་དང་ལྟ་བ། ལགས་ཕྱོགས་བཅས་ལ་འདོད་པ་མེད་པའི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG