ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་སའི་ཕྱོགས་སུ་དཔུང་འཇུག


༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་སའི་ཕྱོགས་སུ་དཔུང་འཇུག་དང་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོས་ནམ་ཡང་ཨུ་རུ་སུའི་བཙན་འཛུལ་དམག་ལ་མགོ་སྒུར་རྒྱུ་མིན། རྒྱལ་ས་སྲུང་སྐྱོབ་པ་ཚོས་གྲོང་ཁྱེར་གྱི་དམག་འཐབ་ལ་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། གཟའ་པ་སངས་ཀྱི་ཕྱི་དྲོར་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་པའི་གྲོང་གླིང་ཁག་ཏུ་མེ་མདའ་རྒྱག་གི་ཡོད་པའི་སྒྲ་སྐད་གྲགས། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་མེ་མདའི་སྒྲ་སྐད་དེ་རྣམས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་བཙན་འཛུལ་བ་ཚོར་འགོག་རྒོལ་བྱས་ནས་མེ་མདའ་བརྒྱབ་པའི་སྒྲ་སྐད་རེད་ཅེས་བཀྲལ། དེ་བཞིན་ཡུཀ་རེན་གྱི་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས་དཔུང་སྡེ་གྲོང་ཁྱེར་ནང་དུ་སྐོར་གཡེང་ལ་བསྐྱོད། ཁ་སང་གཟའ་ཕུར་བུའི་ཞོགས་པར་ཡུཀ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིའི་ས་ཐོག་ནས་ཨུ་རུ་སུའི་དམག་གིས་དཔུང་འཇུག་བྱས་ནས་ཡུཀ་རེན་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་ནུབ་བྱང་ཕྱོགས་ཀྱི་ཧོ་སི་ཊོ་མེལ་གནམ་ཐང་བླངས། ཡུཀ་རེན་གྱི་དམག་དཔུང་དང་ཉེ་ཆར་གསར་དུ་དང་བླངས་དམག་ཁོངས་སུ་ཞུགས་པའི་འཐབ་མོ་བ་ཚོས་མེ་སྒྱོགས་དང་གོ་ཁྲབ་རྣམས་གང་སར་བཀྲམ་སྟེ་རྒྱལ་སའི་ཉེ་འཁོར་དུ་དམག་གྲ་བསྒྲིགས་ནས་བསྡད། ཡུཀ་རནེ་གྱི་རྒྱལ་ས་ཀིབ་གྲོང་ཁྱེར་ལ་བྱང་ཕྱོགས་དང་ནུབ་བྱང་ཕྱོགས་ནས་འཛུལ་སའི་ཟམ་ཆེན་རྣམས་འབར་རྫས་ཀྱིས་གཏོར་རྒྱུའི་སྟ་གོན་ལ་བྲེལ། ཀིབ་གྲོང་ཁྱེར་ལ་ཨུ་རུ་སུའི་གནམ་དམག་གིས་གཏོར་རྒོལ་བྱས་ནས་ས་གཞིར་གཡོ་འགུལ་ཐེབས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་ཛེ་ལན་སི་ཀིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་རྒྱལ་ཡོངས་ལ་གཏོར་རྒོལ་བྱ་དགོས་པ་དང་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིག་སློག་རྒྱུ། ད་ལྟའི་ཡུཀ་རེན་གྱི་སྲིད་གཞུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་སྐྱོད་ཀྱི་ཡོད་པ་འགོག་དགོས་པའི་བཀའ་བཏང་འདུག་ཅེས་བཤད་པར་མ་ཟད། མདང་དགོང་རྒྱལ་ས་ཀིབ་གྲོང་ཁྱེར་གྱི་མི་མང་སྟོང་ཕྲག་མང་པོ་འཕུར་མདེལ་གྱི་གཏོར་རྒོལ་ལ་གཡོལ་བར་ས་འོག་མེ་འཁོར་འབབ་ཚིགས་ཁག་ཏུ་ཉལ། གཟའ་པ་སངས་ཀྱི་ཞོགས་པར་སྲིད་འཛིན་ཛེ་ལན་སི་ཀིས་དམག་གི་སྟོད་གོས་ཤིག་གྱོན་ནས་ང་ཚོ་གཅིག་པུས་རང་གི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། འཛམ་གླིང་གི་སྟོབས་ཤུགས་བླ་ན་མེད་པའི་རྒྱལ་ཁབ་ཁག་གིས་རྒྱང་ནས་ལྟད་མོར་བལྟས་ནས་བསྡད་ཡོད་པ་རེད། ཡུཀ་རེན་མི་དམངས་ཀྱི་མཐུན་སྒྲིག་རྡོག་རྩ་གཅིག་སྒྲིལ་དང་སེམས་ཐག་རྦད་བཅད་ཀྱིས་ང་ཚོའི་རྒྱལ་ཁབ་དང་རང་དབང་གཉིས་སྲུང་སྐྱོབ་བྱེད་ཐུབ། ཨུ་རུ་སུའི་དམིགས་འབེན་གཙོ་བོ་ནི་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཡུཀ་རེན་གྱི་སྲིད་གཞུང་མགོ་རྟིང་སློག་རྒྱུ་དེ་རེད། ང་ནི་དགྲ་ཕྱོགས་ཀྱིས་སྡང་དགྲ་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཡུཀ་རེན་གྱི་ཆབ་སྲིད་འགོ་ཁྲིད་མེད་པར་བཏང་ནས་རྒྱལ་ཁབ་སྣུབ་རྩིས་བྱེད་ཀྱི་ཡོད་པ་རེད་ཅེས་གཏམ་བཤད་བྱས་འདུག ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ང་ཚོས་སྐུ་ཞབས་ཛེ་ལན་སི་ཀི་རྒྱལ་ཁབ་དེའི་སྲིད་འཛིན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཁོང་གིས་ཨུ་རུ་སུ་ལ་གྲོས་མོལ་བྱེད་པའམ། ཡང་ན་ཡུཀ་རེན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་མ་ལངས་པར་བར་གནས་རྒྱལ་ཁབ་ཅིག་བྱ་རྒྱུའི་རྣམ་འགྱུར་སྟོན་གྱི་མི་འདུག་ཅེས་བཤད།།

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཁུ་ལེ་བྷས་༡༩༤༡་ལོར་འཇར་མན་ན་ཛིའི་དམག་གིས་བཙན་འཛུལ་བྱས་ནས་ང་ཚོའི་རྒྱལ་སར་གཏོར་རྒོལ་ཕོག་མྱོང་། ཡུཀ་རེན་མི་དམངས་ཀྱིས་སྐབས་དེའི་བདུད་དམག་རྣམ་ཆམ་ལ་ཕབ་པ་རེད། ད་ཐེངས་ཀྱང་ཡུཀ་རེན་གྱིས་ཨུ་རུ་སུའི་བདུད་དམག་རྣམས་ཕམ་ཉེས་སུ་གཏོང་རྒྱུ་ཡིན། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཁེ་རེ་མི་ཡ། བྱང་ཕྱོགས་ཀྱི་བྷེ་ལོ་རུ་སུའི་ས་ཐོག་ནས་དཔུང་འཇུག་བྱེད་ཀྱི་འདུག ཡུཀ་རེན་གྱི་དམག་གིས་ཕྱི་ནུར་མེད་པར་འགོག་རྒོལ་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེས་ཨུ་རུ་སུའི་དམག་མི་༤༥༠་ལྷག་ལ་སྲོག་ཕོག་འདུག ཨུ་རུ་སུའི་དམག་གིས་ལེན་འདོད་ཡོད་པའི་ཡུཀ་རེན་གྱི་བཙན་ས་གཅིག་ཀྱང་ལེན་ཐུབ་མི་འདུག་ཅེས་བཤད། ཁ་སང་གཟའ་ཕུར་བུའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱས་ནས་མི་༡༣༧་ལ་སྲོག་སྐྱོན་ཕོག་སོང་ཞེས་བསྒྲགས། ཡུཀ་རེན་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས། བྱང་ཕྱོགས་གསུམ་དུ་ཨུ་རུ་སུའི་དམག་དཔུང་འབུམ་༩་དང་ཁྲི་ཚོ་༩་ཡས་མས་ཤིག་བཀྲམ་ནས་དཔུང་འཇུག་བྱེད་ཀྱི་ཡོད་ཅིང་། འདི་ནི་ཨུ་རུ་སུའི་དམར་ཤོག་བཙན་རྒྱལ་འཐོར་ཞིག་ཕྱིན་པའི་རྗེས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་སྐྱེད་བྱེད་ཀྱི་ཡོད་པར་ཨུ་རུ་སུས་དམག་འཁྲུག་ཆེན་པོ་ཞིག་རྒྱག་གི་ཡོད་པ་ཐེངས་དང་པོ་ཡིན་པ་སྟེ། ཡུཀ་རེན་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐབས་བྱེད་ཀྱི་ཡོད་པ་འགོག་ཐབས་ཤིག་ཡིན་ཞིང་། ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་༡༩༩༧་ལོའི་ས་མཚམས་བར་དུ་ཕྱིར་འཐེན་བྱ་དགོས། ཡུཀ་རེན་ནམ་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་རྒྱུ་མིན་ཞེས་ཡིག་ཐོག་ཏུ་ཁས་ལེན་བྱེད་དགོས་པའི་དགོས་འདུན་བཏོན། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཨུ་རུ་སུའི་དགོས་འདུན་ཁག་ལ་ཁས་ལེན་བྱ་རྒྱུའི་མོས་མཐུན་བྱེད་ཀྱི་མེད་པ་རེད།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་འགེལ་དགོས་པའི་གྲོས་སྡུར་བྱས་ཤིང་། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འབའ་ཞིག་གིས་འགྲིག་ཐབས་མི་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡུཀ་རེན་ལ་དམག་བཏང་ནས་སྐྱོབ་རོགས་བྱ་དགོས། ངས་སླར་ཡང་རྣམ་པ་ཚོར་འབོད་སྐུལ་ཞུ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། རྣམ་པ་ཚོས་ཡུཀ་རེན་ཉེན་ཚབས་ཅི་ཙམ་གྱི་གནས་སུ་ལྷུང་ཡོད་པ་ཤེས་དགོས་ཀྱི་འདུག ང་ཚོས་ཨར་བརྟེན་གྱི་མི་འདུག་ཅེས་དྲྭ་ལམ་དུ་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་ཚོར་འབོད་སྐུལ་ཞུས། ད་སྔ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་རོགས་བྱ་རྒྱུའི་ཁས་ལེན་མ་ཐོབ། ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཆེས་དྲག་པོ་ཞིག་གཅོད་རྒྱུ་དེར་ཧྥ་རན་སི་དང་འཇར་མན་ཎི་གཉིས་འཐད་ཀྱི་མེད་པའི་རྣམ་པ་ཞིག་ཐོན། ནེ་དྷར་ལན་ཌི་དང་ལཀ་སིན་བྷག་གི་སྲིད་བློན་གཉིས་ཀྱིས་ཀྱང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་གྲོས་མཐུན་བྱུང་ཟིན་པ་དེ་དག་གིས་ཨུ་རུ་སུ་ལ་གནོད་པ་ཆེན་པོ་ཞིག་ཐེབས་ཀྱི་རེད་ཅེས་ཉེས་ཆད་གསར་པ་གཅོད་རྒྱུའི་རྣམ་འགྱུར་མ་བསྟན། ཉམས་ཞིབ་པ་ཕལ་ཆེ་བས་ཨུ་རུ་སུའི་དམག་གིས་ཡུན་རིང་མི་འགོར་བར་ཡུཀ་རེན་གྱི་རྒྱལ་ས་བླངས་ཏེ་སྲིད་གཞུང་མགོ་རྟིང་སློག་རྒྱུ། སྲིད་འཛིན་ཛེ་ལན་སི་ཀི་དང་ཡུཀ་རེན་གྱི་མཐོ་འགོ་ཁྲིད་ཚོ་ནུབ་ཕྱོགས་ཀྱི་པོ་ལན་ཌིའི་ས་མཚམས་སུ་བྲོས་བྱོལ་ལ་ཐར་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་འདུག

ཕྱི་ཟླ་༢་པའི་ཚེས་༢༥་ཉིན་བྷ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཁྱིམ་ཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་འཛམ་གླིང་ཡོངས་སུ་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཨུ་སུ་རུའི་རྒྱལ་ས་མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག ཨུ་རུ་སུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་༤༠་ལྷག་གི་ནང་དུ་མང་ཚོགས་ཀྱིས་དམག་འཁྲུག་རྒྱག་མི་དགོས། ཡུཀ་རེན་ལ་དམག་འཁྲུག་རྒྱག་མི་དགོས་ཞེས་ཡིག་བྱང་ཁྱེར་ནས་སྐད་འབོད་བརྒྱབ། སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་ཁོ་ནར་མི་༡༠༠༠་ལྷག་འདུས་ནས་ངོ་རྒོལ་བྱས་ཤིང་། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོར་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་རྣམས་ཉེན་རྟོག་པས་འཕྲལ་དུ་འཛིན་བཟུང་བྱས་ནས་རླངས་འཁོར་ནང་དུ་བཅུག་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༤་ནས་ཨུ་རུ་སུའི་ཁྲིམས་ལ་བཅོས་བསྒྱུར་ཐེངས་༡༣་བྱས་ནས་ངོ་རྒོལ་ཁྲོམ་སྐོར་དང་འདུ་འཛོམས། མི་མང་གི་སྐད་འབོད་སོགས་ཁྲིམས་འགལ་དུ་བསྒྱུར་ནས་བཙོན་འཇུག་བྱེད་དགོས་ཞེས་སྒྲིག་ཁྲིམས་དམ་དུ་བཏང་འདུག ནེའུ་ཡོཀ་གྲོང་ཁྱེར་གྱི་ཨུ་རུ་སུའི་སྐུ་ཚབ་ལས་ཁུངས་མདུན་དུ་མི་༥༠༠་ལྷག་གི་ངོ་རྒོལ་བྱས། མི་མང་ངོ་རྒོལ་བ་དེ་དག་གི་གྲས་སུ་ཨུ་རུ་སུའི་མི་རིགས་དང་བྷེ་ལོ་རུ་སིའི་མི་རིགས། འཇོར་ཇཱི་ཡའི་མི་རིགས། ཨ་རི་བ་བཅས་འདུས། རྒྱལ་ས་ཝ་ཤིང་ཊོན་དང་ལོ་སི་ཨན་ཇཱི་ལི་སི། ཆི་ཁ་གྷོ་དང་ཌན་ཝར་བཅས་ཨ་རིའི་གྲོང་ཁྱེར་ཆེ་ཁག་ཏུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པར་ངོ་རྒོལ་ཁྲོམ་སྐོར་བྱས་འདུག དབྱིན་ཡུལ་གྱི་རྒྱལ་ལོན་ཌོན་དང་སི་པེན། ཉི་ཧོང་དང་པཱོ་ལན་ཌི་བཅས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གི་རྒྱལ་སར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཁང་དང་དོན་གཅོད་ཁང་དེ་དག་གི་མདུན་དུ་མི་ཚོགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG