ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་ལན་འདེབས་ལ་ཨུ་རུ་སུ་འདོད་པ་མ་ཚིམས།


༄༅།། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཇུག་མི་ཆོག ཨུ་རུ་སུའི་མཐའ་མཚམས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་མི་ཆོག། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་ཐོག་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་དགོས། ཨ་མི་རི་ཀས་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་ཡིག་ཐོག་ཏུ་ཁས་ལེན་བྱ་དགོས་ཞེས་དགོས་འདུན་བཏོན། ཨ་མི་རི་ཀའི་གཞུང་གིས་ཨུ་རུ་སུའི་དགོས་འདོན་གཙོ་བོ་ཁག་ལ་མོས་མཐུན་མ་བྱས་པར་ཤར་ཡུ་རོབ་དང་ཨུ་རུ་སུའི་མཐའ་མཚམས་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འཕུར་མདེལ་འཛུགས་ཕྱོགས་དང་དམག་སྦྱོང་བྱེད་ཕྱོགས་བཅས་ལ་གྲོས་སྡུར་བྱེད་ཆོག ཡིན་ནའང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་རྒྱལ་ཁབ་གང་ཞུགས་ཆོག་མིན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་བཀོད་གཤོམ་གྱི་རྩ་དོན་ཁག་ལ་ནམ་ཡང་གྲོས་སྡུར་བྱ་རྒྱུ་མེད་ཅེས་ལན་བཏབ། ཕྱི་ཟླ་༡་པོའི་ཚེས་༢༨་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ས་མཚམས་སུ་སྨན་པ་དང་སྨན་ཞབས་པའི་དཔུང་སྡེ་ཁག་བཏང་སྟེ་དམག་འཁྲུག་གི་ཛ་དྲག་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན། ཨུ་རུ་སུའི་མཐོ་རིམ་ལས་སྣེ་ཚོས་ཨ་མི་རི་ཀའི་ལན་འདེབས་དེས་ཡུཀ་རེན་གྱི་ཛ་དྲག་ཞི་འཇམ་གཏོང་ཐུབ་རྒྱུའི་རེ་བ་ཆེན་པོ་མེད་ཀྱང་གྲོས་མོལ་བྱ་རྒྱུ་མེད་པ་ཞིག་མིན་ཞེས་གསལ་བསྒྲགས་སྤེལ། ན་ནིང་ཕྱི་ཟླ་༡༠་པ་ཡས་མས་ནས་ཨུ་རུ་སུའི་དམག་དཔུང་འབུམ་༡་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་ནས་བཙན་འཛུལ་བྱ་རྒྱུའི་དམག་གྲ་བསྒྲིགས། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་ལ་བཙན་འཛུལ་བྱ་འཆར་མེད། ང་ཚོས་རང་གི་ས་ཐོག་ཏུ་དམག་སྦྱོང་བྱེད་ཀྱི་ཡོད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་དཔལ་འབྱོར་དང་ཚོང་ལས། ཆབ་སྲིད་དང་དམག་དོན་སོགས་ཕྱོགས་གང་ཐད་དུ་ཉེས་ཆད་དྲག་པོ་བཅད་ནས་ཨུ་རུ་སུ་ལ་སྔོན་ཆད་བྱུང་མྱོང་མེད་པའི་མཇུག་འབྲས་ཚབས་ཆེན་ཞིག་སྨིན་ངེས་ཡིན་ཞེས་སྡིགས་ར་བསྐུལ།།

ད་ལྟ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཨ་མི་རི་ཀའི་ལན་འདེབས་དེར་ཕྱིར་ལན་ཇི་ལྟར་སློག་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅིང་། ཉམས་ཞིབ་པ་ཚོ་ཡུ་རོབ་གླིང་ལ་སླར་ཡང་དམག་འཁྲུག་ལང་སྲིད་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ཁ་པར་ནང་དུ་བཀའ་མོལ་གནང་སྟེ་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་དུ་བཟློས། སྲིད་འཛིན་ཛེ་ལན་སི་ཀས་ཊོས་ཊར་དྲྭ་ལམ་དུ་ཨ་རིའི་སྲིད་འཛིན་ལ་བཀའ་མོལ་རིང་པོ་ཞིག་ཞུས་པ་ཡིན། ཉེ་ཆར་ཛ་དྲག་ཞི་འཇམ་གཏོང་ཐབས་ལ་ཕྱི་འབྲེལ་ཐབས་ཇུས་བརྒྱུད་ནས་འབད་བརྩོན་ཅི་བྱས་ལ་གྲོས་སྡུར་ལྷུག་པོ་དང་མ་འོངས་པར་མཉམ་འབྲེལ་བྱེད་ཕྱོགས་ལའང་གྲོས་ཁ་མཐུན་སོང་། སྲིད་འཛིན་བྷ་ཌན་ལ་ཨ་མི་རི་ཀས་མུ་མཐུད་དུ་ཡུཀ་རེན་ལ་ཆབ་སྲིད་དང་དཔལ་འབྱོར། དམག་དོན་བཅས་ཀྱི་ཐད་རོགས་རམ་གནང་འདོད་ཡོད་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཇཱེན་ས་ཀིས་སྲིད་འཛིན་བྷ་ཌན་གྱིས་ཡུཀ་རེན་གྱི་གཞི་རིམ་མི་དམངས་ལ་ཕན་ཐོགས་ཐུབ་པའི་དཔལ་འབྱོར་ལས་རིགས་ཅི་ཞིག་གཉེར་རྒྱུ་ཡོད་མེད་ཞིབ་འཇུག་བྱེད་བཞིན་ཡོད། ཨུ་རུ་སུའི་དམག་གིས་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཡོད་པའི་སྐབས་འདིར་ཡུཀ་རེན་གྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཤས་ཆེ་ཞེས་གསུངས་སོང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ང་ཚོར་ཉམས་ཚོད་ལེན་གྱི་ཡོད་པ་ཡིན་ནམ། ཡང་ན་ཁོ་པས་ངོ་མར་དམག་འཁྲུག་རྒྱག་རྒྱུ་ཡིན་མིན་སུ་གཅིག་གིས་བཤད་མི་ཐུབ། ང་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་མི་བྱེད་པའི་རེ་བ་འཆང་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨ་མི་རི་ཀའི་ལན་འདེབས་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལན་འདེབས་གཉིས་ནང་དོན་གཅིག་པ་རེད། ང་ཚོ་ཨུ་རུ་སུའི་བདེ་འཇགས་ལ་འགན་ལེན་ཡོད་པའི་རེ་ལྟོས་འཆང་ས་དེ་ཙམ་མི་འདུག ང་ཚོ་དང་ཨ་མི་ར་ཀ་སོགས་ཕྱོགས་གཉིས་ཀྱི་ཁེ་ཕན་དོན་དུ་གྲོས་མོལ་གྱི་ཐབས་ལམ་རྦད་དེ་འགག་དགོས་པ་ཞིག་མིན་ཞེས་བཤད། དེ་བཞིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཱ་ཝ་རོབ་ཀྱིས་ཀྱང་ཨ་མི་རི་ཀའི་ལན་འདེབས་དེའི་དོན་ཚན་ཁག་ཅིག་ལ་གྲོས་མོལ་གཟབ་ནན་བྱེད་ཆོག་གི་འདུག ཡིན་ནའང་ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་མི་ཆོག་པ་དང་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འབྱུང་བའི་མཚོན་ཆ་འཛུགས་མི་ཆོག་ཅེས་དགོས་འདུན་བཏོན་པ་ཁག་ལ་ཨ་མི་རི་ཀས་མོས་མཐུན་བྱས་མི་འདུག ང་ཚོས་སྲིད་འཛིན་ཕུ་ཊིན་ལ་ཨ་མི་རི་ཀའི་ལན་འདེབས་དེར་ཕྱིར་ལེན་ཇི་ལྟར་སློག་དགོས་མིན་བསམ་འཆར་ཞུ་རྒྱུ་ཡིན། ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀའི་ལན་འདེབས་དེར་གང་མགྱོགས་ཕྱིར་ལན་སློག་འཆར་ཡོད་ཅེས་བཀྲལ། མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་སྲིད་འཛིན་ཕུ་ཊིན་དང་ཇཱོ་བྷ་ཌན་གཉིས་བསྐྱར་དུ་ཐུག་འཕྲད་གྲོས་མོལ་བྱེད་དགོས་མིན་ཐག་གཅོད་བྱེད་ཀྱི་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དགོས་འདུན་ཁག་མ་བསྒྲུབས་ན་དམག་ཇུས་ཀྱི་མཇུག་འབྲས་ཤིག་སྨིན་ངེས་རེད་ཅེས་ཉེན་བརྡ་བཏང་ཞིང་། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་དང་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་གཉིས་ཀྱི་སྐད་ཆ་དེ་དག་ལ་མཉན་ཚེ། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་མིན་ནི་སྲིད་འཛིན་ཕུ་ཊིན་གཅིག་པུས་ཐག་གཅོད་བྱེད་ཀྱི་ཡོད་པ་མཚོན་ཐུབ།།

ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷས་ཨ་རིའི་གཞུང་གིས་ཨུ་རུ་སུའི་དགོས་འདུན་ཁག་ལ་ལན་འདེབས་གང་འདྲ་ཞིག་བྱེད་ཀྱི་ཡོད་པ་རྣམས་ང་ཚོས་སྔོན་ནས་མཐོང་བྱུང་། ང་ཚོ་ཨ་མི་རི་ཀའི་ལན་འདེབས་དེར་དགག་བྱ་མེད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པའི་སྔ་གཞུག་གཉིས་ཀར་ཡུཀ་རེན་ལ་ནང་མོལ་ལྷུག་པོ་བྱེད་ཀྱི་ཡོད་པ་དེ་གནད་འགག་ཆེན་པོ་རེད་ཅེས་བཤད། ཕྱི་ཟླ་༡་པོའི་ཚེས་༢༦་དང་༢༧་གཉིས་ལ་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷ་ཡུ་རོབ་རྒྱལ་ཁབ་ཌན་མག་ལ་འཚམས་འདྲིར་ཕེབས་ནས་ཡུཀ་རེན་གྱི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་དགོས་ངེས་སུ་གྱུར་སོང་། ད་ལྟའི་ཛ་དྲག་འདི་ངོ་མ་རེད། ང་ཚོར་མཚོན་ཆ་དགོས་ཀྱི་འདུག ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་གཅོད་དགོས་པ་དང་ང་ཚོ་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་ཀྱི་འདུག དེ་ལྟར་བྱུང་ན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མ་རེད་བསམ་མི་སྲིད་ཅེས་ནན་བརྗོད་བྱས་འདུག འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ཡོངས་གྲོས་ཚོགས་ལ་ཡུཀ་རེན་གྱི་ཛ་དྲག་སྙན་སེང་ཞུས་པའི་སྐབས་སུ་ང་ཚོས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཡུཀ་རེན་གྱི་གནད་དོན་ལ་དོ་སྣང་བྱེད་ཀྱི་ཡོད། འཇར་མན་གཞུང་གིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་པར་མཚོ་འོག་ཏུ་ལྕགས་སྦུག་འཛུགས་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་སོགས་ཚུད་པའི་ཉེས་ཆད་མང་དག་ཅིག་ལ་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་བཤད། ཡིན་ནའང་འཇར་མན་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་ཀྱི་མེད་པ་དང་འཇར་མན་ཎིས་ཕྱིར་ཚོང་བྱས་པའི་མཚོན་ཆ་རྣམས་ཀྱང་ཡུཀ་རེན་ལ་རོགས་རམ་སྤྲོད་མི་ཆོག་ཅེས་འགོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་པ་སངས་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ལན་པ་ནན་པོ་སློག་རྒྱུ་ཡིན། དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་དམག་བཏང་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་མ་ཐོན། ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཤར་ཡུ་རོབ་ལ་དམག་མི་༨༥༠༠་གཏོང་རྒྱུའི་གསལ་བསྒྲགས་སྤེལ། ཕར་ཕྱོགས་དེར་ཨུ་རུ་སུའི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་མཐའ་མཚམས་སུ་སྐམ་དམག་དང་མེར་སྒྱོགས་དཔུང་སྡེའི་མཉམ་འབྲེལ་དམག་སྦྱོང་ཚུགས། མཚོ་ནག་མངའ་ཁུལ་གྱི་ཀ་ལིང་གྷ་རེ་ཌི་གླིང་ཕྲན་དང་བྷེ་ལ་རུ་སུ་རྒྱལ་ཁབ་ཀྱི་ས་ཐོག་ཏུ་ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་བཀྲམ་ནས་གནམ་དམག་གི་སྦྱོར་བརྡར་ཚུགས། མཚོ་ནག་མངའ་ཁུལ་དང་ཨར་ཁེ་ཊིཀ་མངའ་ཁུལ་དུ་ཨུ་རུ་སུའི་མཚོ་དམག་གིས་དམག་སྦྱོང་བྱས་ཏེ་ཡུཀ་རེན་ལ་ཕྱོགས་གསུམ་ནས་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་བཙན་འཛུལ་བྱ་རྒྱུའི་དམག་སྦྱོང་ལ་བྲེལ། ཡུཀ་རེན་གྱི་མི་མང་སྟོང་ཕྲག་མང་པོས་འཆི་བ་སྲོག་ལ་ཐུག་ཀྱང་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུའི་སེམས་ཐག་བཅད་ཡོད། ཡུཀ་རེན་པ་གཅིག་གིས་ཀྱང་མོ་སི་ཀོའི་བཙན་དྲག་ལ་མགོ་སྒུར་རྒྱུ་མིན་ཞེས་དྲྭ་ལམ་དུ་འཕྲིན་ཐུང་སྤེལ། ཡུཀ་རེན་གྱི་ན་གཞོན་དང་ཟུར་འཇོག་དམག་དཔུང་། ཡུཀ་རེན་གྱི་གཞུང་དམག་བཅས་ཀྱིས་ཨུ་རུ་སུའི་དམག་ལ་ཐད་ཀར་འཐབ་རྒོལ་བྱེད་མི་དགོས་པར་འཇབ་དམག་བརྒྱབ་ནས་ཡུན་རིང་གི་དམག་འཁྲུག་ཅིག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད། ཨུ་རུ་སུའི་དཔལ་འབྱོར་ཉམས་རྒུད་དང་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་འཕྲད། ལྷག་པར་དུ་དམག་ས་ཁག་ནས་ཨུ་རུ་སུའི་དམག་ལ་འཆི་སྐྱོན་འཕོག་སྲིད་པར་ཕུ་ཊིན་གྱིས་བསམ་བློ་གཏོང་དགོས། ཁོང་གིས་སྔ་གཞུག་ཚང་མར་བསམ་བློ་མ་བཏང་བར་ཡུཀ་རེན་ལ་དམག་འཁྲུག་རྒྱག་རྒྱུ་ལས་སླ་པོ་ཞིག་མ་རེད་ཅེས་བསྟན་འདུག

XS
SM
MD
LG