ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུཀ་རེན་གྱི་འཕུར་གྲུས་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ལ་གཏོར་རྒོལ། 


༄༅།། ཨུ་རུ་སུའི་གཞུང་གིས་མདང་དགོང་ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་གཉིས་བཏང་སྟེ་ཨུ་རུ་སུའི་ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ལ་གཏོར་རྒོལ་དང་སྲིད་འཛིན་ཕུ་ཊིན་དགྲོང་རྒྱུའི་ངན་ཇུས་བཤམས་སོང་ཞེས་ནག་ཉེས་བཙུགས། ཕྱི་ཟླ་༥་པའི་ཚེས་༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ལྷག་པའི་ཉིན་ཨུ་རུ་སུའི་གཞུང་ནས་ཡུཀ་རེན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་གཉིས་བཏང་སྟེ་སྲིད་འཛིན་ཕུ་ཊིན་འགྲོང་ཐབས་བྱས་བྱུང་། ཡིན་ནའང་སྲིད་འཛིན་ལས་ཁུངས་ཀྱི་སྲུང་སྐྱོབ་གློག་ཆས་ཁག་གིས་འཕུར་གྲུ་བཀག་སྟེ་སྐྱོན་བྱུང་མ་སོང་། ང་ཚོས་གཏོར་རྒོལ་དེ་དག་འཇིགས་སྐུལ་རིང་ལུགས་ཀྱི་སྤྱོད་པ་དང་སྲིད་འཛིན་གྱི་སྐུ་སྲོག་ལ་ཐོ་བཙམས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཨུ་རུ་སུར་དགྲ་ལན་སློག་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་ཅེས་སྡིགས་ར་བསྐུལ། ཉམས་ཞིབ་པ་ཚོས་ཨུ་རུ་སུས་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད་ཅེས་གླེང་། ཡུཀ་རེན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ང་ཚོ་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ལ་གཏོར་རྒོལ་བྱུང་བ་དེར་འབྲེལ་བ་ཅི་ཡང་མེད་ཅེས་ལན་བཏབ།།

ཕྱི་ཟླ་༥་པའི་ཚེས་༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་རྒྱལ་ཁབ་དེའི་གསར་འགྱུར་ལས་ཁང་ཁག་ལ་གནས་ཚུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ལག་ཅེབ་ཅིག་བཀྲམ། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་ཡུཀ་རེན་གྱིས་དཔྱིད་ཀ་འདིར་ཚུར་རྒོལ་བྱ་རྒྱུ་ཡིན་པ་དང་དེའི་དུས་སུ་གསར་འགྱུར་སྤེལ་ཕྱོགས་ལ་གཟབ་ནན་བྱ་དགོས། ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་བའི་གནས་ཚུལ་རྣམས་མ་སྤེལ་ན་ལེགས་ཞེས་བཀོད་འདོམས་བྱས་པའི་གནས་ཚུལ་ཐོན། ལཱ་ཊི་ཝི་ཡའི་ས་ཐོག་ཏུ་ཚུགས་ཡོད་པའི་མན་དྷུ་ཛ་ཚགས་པར་ལ་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་གསར་འགོད་པ་ཚོར་བཀྲམ་པའི་ལམ་སྟོན་ལག་ཅིག་དེབ་རག ལག་དེབ་དེའི་ནང་དུ་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་ན་འགྲེལ་བཤད་རྒྱག་སྟངས་ཡག་པོ་ཞིག་ཏུ་བསྒྱུར་དགོས། ཨུ་རུ་སུར་རྒྱལ་ཁ་འཐོབ་རྒྱུ་རེད་ཅེས་མི་དམངས་ལ་ཧེབ་མ་སློངས། ཡུཀ་རེན་གྱི་ཚུར་རྒོལ་ལ་སྣང་ཆུང་བྱེད་མི་ཉན། ཁོ་ཚོས་ཚུར་རྒོལ་བྱས་ནས་ས་ཆ་ཕྱིར་ལེན་བྱེད་སྲིད་ཅེས་འཁོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་གིས་མན་དྷུ་ཛ་ཚགས་པར་གྱི་གསར་འགོད་པར་ཡུཀ་རེན་ལ་རྒྱལ་ཁ་ཐོབ་ན་ཨུ་རུ་སུའི་དམག་གིས་ནུབ་ཆིངས་ཀྱི་རྒྱལ་ཁབ་༣༡་ལ་ཁ་གཏད་བཅག་ནས་འཐབ་འཁྲུག་རྒྱག་དགོས་བྱུང་བ་རེད། དེ་ལྟར་ཡིན་རུང་ཨུ་རུ་སུའི་དམག་གིས་རང་ས་མ་ཤོར་བ་རེད་ཅེས་འགྲེལ་བཤད་རྒྱག་དགོས། གལ་སྲིད་ཡུཀ་རེན་གྱི་ཚུར་རྒོལ་ལ་ཇུས་ཉེས་བྱུང་ན་ཨུ་རུ་སུའི་དམག་གིས་ནུབ་ཕྱོགས་ཀྱི་རྒྱབ་སྐྱོར་ཡོད་པའི་ཚུར་རྒོལ་དེ་ཕྱིར་ཟློག་བྱས་པ་རེད་ཅེས་འགྲེལ་བཤད་རྒྱག་དགོས། ཨུ་རུ་སུའི་གཞུང་གིས་ཡུན་རེན་གྱི་ས་ཆ་བཙན་འཕྲོག་བྱས་པ་དེ་དག་གི་རྨང་གཞིའི་མཐུན་རྐྱེན་སླར་གསོ་བྱེད་པར་འགྲོ་གྲོན་ཅི་ཙམ་གཏོང་གི་ཡོད་པ་རྣམས་ཁྱབ་བསྒྲགས་བྱ་མི་དགོས། ཨུ་རུ་སུའི་གཞུང་གིས་ས་ཆ་གསར་པ་དེ་ཚོར་འགྲོ་གྲོན་ཕོན་ཆེན་གཏོང་གི་ཡོད་པ་མི་དམངས་ཀྱིས་ཤེས་ན་སྐྱོན་བརྗོད་དྲག་པོ་འཕོག་གི་རེད་ཅེས་སྔོན་བརྡ་བཏང་ཞིང་། ༢༠༢༣་ལོའི་བཞི་ཚན་དང་པོར་ཨུ་རུ་སུའི་དངུལ་རྩིས་ཁོངས་སུ་ཨ་སྒོར་དུང་ཕྱུར་༡༢༥་བྱུང་སོང་ཁ་མ་མཚུངས་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་དམག་འཁྲུག་ཞིབ་འཇུག་ཁང་གིས་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་དམག་འཁྲུག་གི་གསར་འགྱུར་འགོད་ཕྱོགས་ལ་ལམ་སྟོན་ལག་དེབ་ཅིག་བཀྲམ་ཡོད་པ་དེ་ལ་གཞིགས་ཚེ། ཕུ་ཊིན་ནས་ཡུཀ་རེན་གྱི་ཚུར་རྒོལ་རྒྱལ་ཁ་འཐོབ་རྒྱུ་དང་ཨུ་རུ་སུར་ཕམ་ཉེས་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་ར་འཕྲོད། གསར་འགོད་པ་ཚོར་སྔོན་ནས་ལམ་སྟོན་བྱས་ཏེ་ཨུ་རུ་སུར་ཕམ་ཉེས་བྱུང་བའི་དུས་སུ་མི་དམངས་རྣམས་ཧང་སང་མི་དགོས་པ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད། འདི་ནི་ན་ནིང་སྟོན་ཁར་ཡུཀ་རེན་གྱིས་ཕར་རྒོལ་བྱས་ནས་ཁར་སན་གྲོང་དང་ཁར་ཀིབ་སོགས་ཕྱིར་ལེན་བྱས་པའི་སྐབས་སུ་ཨུ་རུ་སུའི་གཞུང་གིས་འགྲེལ་བཤད་རྒྱག་སྟངས་དང་རྦད་དེ་མ་འདྲ་བ་ཞིག་རེད། སྔ་ལོ་ཨུ་རུ་སུའི་གཞུང་གིས་དམག་དཔུང་རྣམས་ཌི་ནིབ་རོ་གཙང་པོའི་ཚུར་ཕྱོགས་སུ་ཕྱིར་འཐེན་བྱས་པ་ཡིན་ཞེས་བཀྲལ། ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་སྔ་ལོ་དང་བསྡུར་ན་ཡུཀ་རེན་གྱི་དམག་ལ་ཕར་རྒོལ་དང་རང་སྲུང་། འཇབ་རྒོལ་བཅས་ཀྱི་སྟོབས་ཤུགས་ལྡབ་འགྱུར་བསྐྱེད་འདུག་ཟེར།།

ཕྱི་ཟླ་༥་པའི་ཚེས་༣་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ལྟར་ཕྱི་ཟླ་༥་པའི་ཚེས་༩་ཉིན་ཨུ་རུ་སུར་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་རྒྱལ་ཁ་ཐོབ་པའི་དགའ་སྟོན་ཚུགས། ཉིན་དེར་རྒྱལ་ས་མོ་སི་ཀོའི་ཐང་ཆེན་དམར་པོར་མི་མང་སྟོང་ཕྲག་མང་པོ་རུ་སྒྲིག་བྱས་ནས་དུས་དྲན་སྲུང་བརྩི་བྱེད་སྲོལ་ཡོད་མོད། ད་ལོ་ཨུ་རུ་སུའི་གཞུང་གིས་གྲོང་ཁྱེར་ཆེ་ཁག་འགའ་ཞིག་གི་ནང་དུ་ཕྱི་ཟླ་༥་པའི་ཚེས་༩་ཉིན་གཡུལ་རྒྱལ་དགའ་སྟོན་གཟབ་རྒྱས་འཚོགས་མི་དགོས། ཨུ་རུ་སུའི་གཡུལ་རྒྱལ་དུས་ཆེན་སྐབས་སུ་ཡུཀ་རེན་གྱི་ཕྱོགས་གཏོགས་པ་ཚོས་གཏོར་རྒོལ་བྱ་སྲིད་ཅེས་རྒྱུ་མཚན་བགྲངས། ཉེ་བའི་བདུན་ཕྲག་འགའ་ཞིག་ནང་དུ་ཨུ་རུ་སུའི་ས་གནས་ཁག་ཏུ་འབར་གས་དང་མེ་སྐྱོན་ཐེངས་འགའ་ཞིག་བྱུང་། ཉམས་ཞིབ་པ་ཁག་ཅིག་གིས་གཡུལ་རྒྱལ་དགའ་སྟོན་སྐབས་སུ་མི་མང་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱ་སྲིད་པར་ཕུ་ཊིན་སྐྲག་གི་ཡོད་པ་རེད། མི་མང་ཁག་ཅིག་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་དམག་མི་འདས་པོ་རྣམས་ཀྱི་འདྲ་པར་ཁྱེར་ནས་རུ་སྒྲིག་བྱ་རྒྱུ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུའི་ཉེན་ཁ་ཆེ་ཞེས་བསྟན།།

སྔ་ལོ་སྲིད་འཛིན་ཕུ་ཊིན་གྱིས་རང་གི་ཨ་ཕ་འདས་པོས་དམག་ཆས་གྱོན་ཡོད་པའི་འདྲ་པར་ཞིག་ཁྱེར་ནས་མོ་སི་ཀོའི་ཐང་དམར་པོར་རུ་སྒྲིག་གི་སྣེ་ཁྲིད། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་དང་དུས་ཆེན་གྱི་དགའ་སྟོན་བཀོད་སྒྲིག་པ་ཡེ་ལི་ན་ཚུ་ན་ཡེ་ཝས་༢༠༢༣་ལོར་དགའ་སྟོན་གྱི་རྣམ་པར་འགྱུར་བ་བཏང་བ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་དམག་ཞབས་ཟུར་པ་ཚོའི་འདྲ་པར་རྣམས་རང་རང་གི་རླངས་འཁོར་གྱི་སྒེའུ་ཁུང་ཐོག་ཏུ་སྦྱོར། ཁོ་ཚོའི་འདྲ་པར་གྱི་ཚབ་ཏུ་དམག་ཆས་རྙིང་པ་རྣམས་སྟོན། ང་ཚོའི་སྤྱི་ཚོགས་དྲྭ་ཚིགས་ཀྱི་མགོ་པར་རྣམས་རྗེས་ཞེས་བཀོད་ཁྱབ་བཏང་འདུག ཉམས་ཞིབ་པ་ཚོས་ཕྱི་ཟླ་༥་པའི་ཚེས་༩་ཉིན་གྱི་དགའ་སྟོན་དེ་དམག་འཁྲུག་ལ་ངོ་རྒོལ་དང་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་དམག་མི་འདས་པོ་ཚོར་མྱ་ངན་གྱི་ལས་འགུལ་ཞིག་ཏུ་འགྱུར་སྲིད། དེ་བཞིན་མི་ཚོགས་ཆེན་པོ་འདུས་ན་ཨུ་རུ་སུའི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ལང་ཉེན་ཡོད། རྒྱལ་གཅེས་ཀྱི་ལས་འགུལ་ཁག་ངོ་རྒོལ་གྱི་ལས་འགུལ་ལ་གྱུར་པ་ནི་ལོ་རྒྱུས་ནང་དུ་མང་པོ་བྱུང་ཡོད་པ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨུ་རུ་སུའི་བདེ་འཇགས་མི་སྣ་ཚོས་རུ་སྒྲིག་གི་བདེ་འཇགས་ལ་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་འགོག་ཐབས་བྱེད་བཞིན་ཡོད། ཡུཀ་རེན་གྱི་སྲིད་གཞུང་དེ་གཏོར་རྒོལ་ཇི་སྙེད་ཅིག་གི་རྒྱབ་ལོགས་སུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ཁོ་ཚོས་མུ་མཐུད་དུ་གཏོར་རྒོལ་གྱི་ངན་ཇུས་གཤོམ་གྱི་འདུག ང་ཚོའི་དམིགས་བསལ་གྱི་གསང་བའི་བདེ་འཇགས་པ་ཚང་མས་གཡུལ་རྒྱལ་དུས་ཆེན་སྐབས་སུ་གཏོར་རྒོལ་མི་འབྱུང་བའི་གཟབ་ནན་བྱེད་ཀྱི་ཡོད་ཅེས་བཤད། འདས་པའི་ཉིན་ཤས་རིང་ཨུ་རུ་སུའི་སྣུམ་མཛོད་དང་མེ་འཁོར་འགའ་ཞིག་ལ་གཏོར་རྒོལ་ཕོག་ནས་མེ་སྐྱོན་ཚབས་ཆེན་བྱུང་། གཟའ་འཁོར་འདིར་ཨུ་རུ་སུའི་ས་མཚམས་དུ་དོས་སྐྱེལ་མེ་འཁོར་གཉིས་ལ་གཏོར་རྒོལ་ཕོག ད་དུང་ཨུ་རུ་སུའི་ས་མཚམས་ཀྱི་གློག་སྐུད་རྣམས་བཅད། ༡༩༨༡་ལོར་ཨི་ཇེབ་ཀྱི་སྲིད་འཛིན་དམག་མིའི་རུ་སྒྲིག་སྐབས་སུ་བསད་པ་ལྟར་ཕུ་ཊིན་ཡང་གཡུལ་རྒྱལ་དགའ་སྟོན་ཉིན་གསོད་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་ནས་ཕར་རྒོལ་གྱི་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་ཅེས་བསྒྲགས། སྲིད་འཛིན་ཛེ་ལན་སི་ཀིས་ཀྱང་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱ་ངེས་ཡིན་ཞེས་བཤད། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་གནས་ཁག་ལ་ཡུཀ་རེན་གྱི་དམག་གིས་གཏོར་རྒོལ་བྱ་རྒྱུ་མཚམས་མ་ཆད། དེས་ན་དཔྱིད་ཀྱི་དཔུང་འཇུག་མགོ་བརྩོམས་ཡོད་པ་ཡིན་ཤས་ཆེ། སྔ་ལོ་ཡུཀ་རེན་གྱི་དམག་གིས་ཁར་ཀིབ་དང་ཁར་སན་གྲོང་ཁྱེར་བླངས། ད་ལོ་ཛ་པོ་ཤི་ཡ་ལེན་དགོས་པ་དང་ཨུ་རུ་སུར་གྲ་སྒྲིག་བྱེད་པར་ཟླ་བ་༧་གྱི་དུས་ཚོད་ཐོབ། ཨུ་རུ་སུས་སྤྱི་ལེ་བརྒྱ་ཕྲག་མང་པོར་ས་དོང་བྲུས་ནས་འགོག་ར་བརྒྱབ་ཡོད་པ་རྣམས་འཁོར་སྐར་གྱིས་བླངས་པའི་འདྲ་པར་དུ་གསལ། འོན་ཀྱང་ཨུ་རུ་སུའི་ནང་ཁུལ་དུ་མཐུན་སྒྲིལ་ཡོད་མེད་ནི་དོགས་གནས་སུ་གྱུར། ཉིན་ཤས་སྔོན་དེར་རྒྱལ་སྲུང་བློན་ཆེན་གཞོན་པ་མཱི་ཞིན་ཚེབ་གནས་དབྱུང་བཏང་བར་མ་ཟད། ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་རི་གྷོ་ཤིན་གྱིས་ཀྱང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཨུ་རུ་སུར་མཚོན་ཆ་དང་མདེའུ། དམག་འཁྲུག་གི་མཁོ་ཆས་རྣམས་འདང་ངེས་མེད་པ་ནི་ཡོངས་གྲགས་ཡིན་ཞིང་། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱི་དམག་ལ་ཟླ་བ་མང་པོར་དམག་སྦྱོང་སྤྲད། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་དང་མེ་སྒྱོགས་གསར་པ། འཕུར་མདེལ་སོགས་མཚོན་ཆ་མཁོ་སྤྲོད་བྱས་པ་རྣམས་ཀྱང་ལག་སོན་བྱུང་སྟེ་བཀོལ་སྤྱོད་བྱེད་ཤེས་པར་གྱུར། ད་ལྟ་ཡུཀ་རེན་གྱིས་དཔུང་འཇུག་བྱ་གྲབས་ཡོད་པའི་སྐབས་སུ་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་འཕོ་འགྱུར་བཏང་བ་དང་པ་རི་གྷོ་ཤིན་གྱིས་རྒྱལ་སྲུང་ལྷན་ཁང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ནི་ཁ་ཆག་སྣ་རལ་ཞིག་འབྱུང་རྒྱུའི་སྔ་ལྟས་སུ་བརྩི་ཆོག ཡུཀ་རེན་གྱིས་དཔུང་འཇུག་བྱ་རྒྱུའ་དུས་ཚོད་ནི་ཉེ་རུ་སོང་། རྒྱལ་ཁབ་དེའི་དམག་གི་སྙིང་སྟོབས་དང་འཐབ་འཁྲུག་གི་གྲ་སྒྲིག དཔུང་འཇུག་གི་དམིགས་འབེན་ཅི་ཡིན་ཤེས་དཀའ། ཨུ་རུ་སུའི་ནང་ཁུལ་དུ་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པའི་རྣམ་པ་ཐོན་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG