ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨུ་རུ་སུའི་དམག་ཁར་སན་ནས་ཕྱིར་འཐེན་དང་ཡུཀ་རེན་གྱིས་དོགས་ཟོན། 


༄༅།། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་མངའ་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། ཨ་མི་རི་ཀའི་མཐོ་རིམ་ལས་སྣེ་ཞིག་གིས་ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་དང་རྨས་འདུག་ཅེས་ཚོད་དཔག་བྱས་འདུག ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་བརྙན་འཕྲིན་ནང་དུ་ཁར་སན་གྲོང་ཁྱེར་ཉེ་འཁོར་གྱི་ཌི་ནིབ་རོ་གཙང་པའི་ནུབ་ཕྱོགས་སུ་འགྲེམ་འཇོག་བྱས་ཡོད་པའི་དམག་དཔུང་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བསྒྲགས། ཡུཀ་རེན་གྱིས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་གཡོ་ཐབས་ཤིག་ཡིན་སྲིད་པའི་ཟོན་བྱེད་ཀྱི་ཡོད་པ་སྟེ། སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་ཨ་རེ་སི་ཊོ་ཝི་ཆིས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་ཟེར་ཡང་དམག་དཔུང་ཕལ་མོ་ཆེ་ཕྱིར་འཐེན་བྱེད་ཀྱི་མི་འདུག འདི་ནི་དམག་གྲ་བསྐྱར་སྒྲིག་གི་གཡོ་ཐབས་ཤིག་ཡིན་སྲིད། ཨུ་རུ་སུའི་དམག་མི་ཕྱིར་འཐེན་བྱེད་ཞོར་དུ་ཟམ་པ་རྣམས་གཏོར་གྱི་ཡོད་པ་དང་རྒྱ་ལམ་ཐོག་ཏུ་ས་མེ་སྦེད་ཀྱི་འདུག ང་ཚོས་གནས་སྐབས་རིང་ཨུ་རུ་སུའི་ཀུན་སློང་ཅི་ཡིན་ཤེས་རྟོགས་མི་ཐུབ། ཁོ་ཚོས་ང་ཚོར་འཐབ་རྒོལ་བྱས་ནས་ཁར་སན་མངའ་ཁུལ་མུ་མཐུད་དུ་འཛིན་རྒྱུ་ཡིན་ནམ། ཨུ་རུ་སུའི་དམག་དཔུང་དལ་བུར་འགུལ་སྐྱོད་བྱེད་ཀྱི་འདུག་ཅེས་དྲྭ་ལམ་དུ་བརྙན་ཐུང་ཞིག་སྤེལ། གཟའ་ལྷག་པའི་དགོང་མོར་སྲིད་འཛིན་ཛེ་ལན་སི་ཀིས་ཀྱང་ཡུཀ་རེན་གྱི་དམག་དཔུང་གོམ་སྟབས་རེ་རེ་བཞིན་ལྷོ་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱི་ཡོད། དགྲ་བོས་ང་ཚོར་ནམ་ཡང་ལག་རྟགས་ཤིག་སྤྲོད་མི་སྲིད་ཅེས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་པར་དོགས་སློང་བྱས་ཤིང་། སྲིད་འཛིན་ཛེ་ལན་སི་ཀིའི་གཏམ་བཤད་སྐབས་སུ་ཁར་སན་ཞེས་ཐེངས་གཅིག་ལས་གླེང་སློང་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་དམག་སྤྱི་སར་གྷེ་སུ་རོ་ཝི་ཀིན་གྱིས་བརྙན་ལམ་དུ་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་ལ་ཁར་སན་མངའ་ཁུལ་དུ་མཚོན་ཆ་དང་རྒྱགས་ཆས། དམག་འཁྲུག་གི་མཁོ་ཆས་རྣམས་སྐྱེལ་འདྲེན་བྱེད་ཐུབ་ཐབས་བྲལ། ཨུ་རུ་སུའི་དམག་དཔུང་རྣམས་ཌི་ནིབ་རོ་གཙང་པོའི་ཤར་ཕྱོགས་སུ་ཕྱིར་འཐེན་བྱས་ནས་འགོག་རྒོལ་གྱི་དམག་གྲ་སྒྲིག་ཆོག་པའི་བཀའ་འཁྲོལ་གནང་རོགས་ཞེས་སྙན་སེང་ཞུས། རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་དམག་སྤྱི་སུ་རོ་ཝི་ཀིན་གྱི་གྲོས་གཞི་དེར་མོས་མཐུན་ཡོད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཨུ་རུ་སུའི་དམག་མིའི་ཚེ་སྲོག་གཙིགས་སུ་འཛིན་གྱི་ཡོད། མི་དམངས་དཀྱུས་མའི་བདེ་འཇགས་ལ་ཉེན་ཁ་འབྱུང་རྒྱུ་ཡིན་པ་སོགས་ལའང་བསམ་ཞིབ་བྱ་དགོས། དམག་དཔུང་ཕྱིར་འཐེན་བྱ་རྒྱུ་འགོ་ཚུགས། དམག་དཔུང་གི་བདེ་འཇགས་དང་མཚོན་ཆ། དམག་དོན་ཡོ་བྱད་རྣམས་ཌི་ནིབ་རོ་གཙང་པོའི་ཐོག་ཏུ་སྐྱེལ་འདྲེན་བྱས་པའི་དུས་སུ་གཟབ་ནན་བྱ་དགོས་ཞེས་བཀའ་ཕབ། ཡུཀ་རེན་གྱི་དམག་དོན་ཉམས་ཞིབ་པ་བྷུ་ཊུ་སོབ་ཀྱིས་ཨ་རིའི་སྐྱེལ་འདྲེན་བདེ་བའི་མེ་སྒྱོགས་ཧེ་མར་སི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་མཚོན་ཆ་དེ་ཚོས་ཨུ་རུ་སུའི་དམག་ལ་གཏོར་རྒོལ་ཚབས་ཆེན་བྱེད་ཐུབ་ཀྱི་ཡོད་པ་དང་ཌི་ནིབ་རོ་གཙང་པོ་བརྒལ་ནས་ཕྱིར་འཐེན་བྱ་རྒྱུར་ཉེན་ཁ་ཤིན་ཏུ་ཆེ། ཨུ་རུ་སུའི་དམག་གིས་ཁར་སན་མངའ་ཁུལ་དུ་སྔར་བཞིན་བཙན་ས་འཛིན་ཐུབ་རྒྱུ་ནི་ཁག་པོ་ཡིན་ཞིང་། ཁོ་ཚོས་ཌི་ནིབ་རོ་གཙང་པོའི་ཤར་ཕྱོགས་སུ་དམག་ས་བཟུང་སྟེ་སླར་ཡང་ཡུཀ་རེན་ལ་གཏོར་རྒོལ་བྱ་རྒྱུའི་རྣམ་པ་གསལ་པོ་འདུག་ཅེས་བསྟན། ཉེ་བའི་གཟའ་འཁོར་འགའ་ཞིག་གི་རིང་ཨུ་རུ་སུས་བསྐོས་པའི་ཁར་སན་མངའ་ཁུལ་གྱི་འགོ་ཁྲིད་ཚོས་ས་གནས་དེའི་མི་དམངས་རྣམས་གཙང་པོ་བརྒལ་ཏེ་ཨུ་རུ་སུའི་ཕྱོགས་སུ་ཉེན་གཡོལ་དུ་བླངས། སྲིད་འཛིན་བྷ་ཌན་དང་ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་དཔུང་ཁར་སན་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་ཡུཀ་རེན་གླགས་ཁེལ་གྱི་མེད་པའི་རྟགས་མཚན་རེད་ཅེས་བཀྲལ།

ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་འདས་པའི་ཟླ་བ་༨་ལྷག་གི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་འདུག དེ་བཞིན་ཡུཀ་རེན་གྱི་དམག་མི་ལའང་བསད་རྨས་ཚབས་ཆེན་འཕོག་ཡོད་ཤས་ཆེ། ད་སྔ་ཕན་ཆད་ལ་ཡུཀ་རེན་གྱི་མི་མང་དཀྱུས་མ་ཁྲི་ཚོ་༤་ལྷག་དམག་འཁྲུག་ནང་དུ་བསད་འདུག་ཅེས་ཚོད་དཔག་གི་གསལ་བསྒྲགས་སྤེལ། ཕྱི་ཟླ་༡༡་པའི་ཚེས་༨་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཌོ་ནེ་ཛིཀ་ས་ཁུལ་གྱི་པབ་ལིབ་ཀ་གྲོང་རྡལ་ཕྱིར་ལེན་བྱ་ཐབས་བྱས་ནས་མི་༣༠༠་ལྷག་གི་ཚེ་སྲོག་ཤོར། ཨུ་རུ་སུའི་དམག་མི་ཚོས་དམག་སྤྱི་མུ་ར་ཌོབ་དང་ཁོ་པའི་སྙིད་པོ་ཨ་ཧ་མེ་ཌོབ་གཉིས་ཀྱིས་ང་ཚོ་སླར་ཡང་ཅི་འབྱུང་ངེས་མེད་ཀྱི་འཐབ་འཁྲུག་ཅིག་ལ་བརྫངས་སོང་། ཁོ་ཚོ་ཨུ་རུ་སུའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་གྷི་ར་སི་མོབ་ཀྱི་སྤྱན་བསལ་དུ་གྱུར་ཏེ་གསོལ་རས་འཐོབ་བྱེད་ཀྱི་འདུག ང་ཚོའི་རླབས་ཆེན་གྱི་བཀོད་འདོམས་པ་ཚོས་གཟབ་ནན་ངང་ཕར་རྒོལ་འཐབ་ཇུས་བཤམས་ནས་ཉི་མ་བཞིའི་ནང་དུ་དམག་མི་༣༠༠་ལྷག་གསོད་དུ་བཅུག་སོང་། ང་ཚོའི་རུ་ཤོག་གཅིག་པུའི་དམག་དོན་ཡོ་བྱད་བརྒྱ་ཆ་༥༠་ལྷག་དགྲ་ལག་ཏུ་ཤོར་ཡང་དམག་དཔུང་བཀོད་འདོམས་པ་དང་ཨ་ཧེ་མེ་ཌོབ་ཀྱིས་འགན་འཁྲི་ལེན་རྒྱུ་གཡོལ་ཐབས་སུ་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་ངོ་མ་རྣམས་གསང་གི་འདུག དུས་ཡུན་ཅི་ཙམ་རིང་མུ་ར་ཌོབ་དང་ཨ་ཧ་མེ་ཌོབ་ལྟ་བུའི་འཇོན་ཐང་མེད་པའི་འགོ་ཁྲིད་ཚོར་འཐབ་འཁྲུག་གི་འཆར་འགོད་བྱེད་དུ་འཇུག་རྒྱུ་ཡིན། ཤ་ཁྲག་ནི་རྒྱུན་བསྲིངས་ཏེ་ཆུད་ཟོས་སུ་གཏོང་གི་འདུག་ཅེས་གོང་རིམ་ལ་སྙན་ཞུ་ཕུལ་བའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་དམག་དོན་དཔྱད་ཞིབ་པ་ཚོས་ཌོ་ནེ་ཛིཀ་མངའ་ཁུལ་གྱི་འཐབ་ཇུས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ཨུ་རུ་སུའི་དམག་དོན་གསར་འགོད་པ་ཨ་ལིཀ་ཛན་ཌར་ས་ལ་ཌ་ཀོབ་ཀྱིས་པབ་ལིབ་ཀ་གྲོང་རྡལ་གྱི་དོན་རྐྱེན་དེར་ཉིན་ཤས་རིང་མཐོ་རིམ་འགོ་ཁྲིད་ཚོས་གླེང་སློང་བྱས་ཀྱང་དམག་མིའི་ཤ་ཁྲག་ནི་མུ་མཐུད་དུ་འཛད་ཀྱི་འདུག་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུའི་དམག་དོན་གསར་འགོད་པ་ཨ་ལེཀ་སི་སུ་ཀོན་ཀིན་གྱིས་དམག་མི་རྣམས་ངལ་དུབ་ཀྱིས་མནར་ཏེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་། དམག་དཔུང་གསར་པ་བཏང་སྟེ་ངལ་དུབ་ཀྱིས་མནར་བའི་དམག་མི་རྣམས་ཕྱིར་འཐེན་བྱ་དགོས་མོད། འོན་ཀྱང་དམག་དཔུང་གསར་པ་གཏོང་རྒྱུ་མེད་པས་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་ཐབས་མེད་པ་དང་ཁོ་ཚོར་རྒོལ་རྡུང་རྒྱུན་ཆད་མེད་པར་འཕོག་གི་འདུག ང་ཚོས་པབ་ལིབ་ཀ་གྲོང་རྡལ་བསྐྱར་དུ་ལེན་མི་ཐུབ་ན་ཅིའི་ཕྱིར་གྲོང་རྡལ་དེ་ནས་ཕྱིར་འཐེན་བྱས་པ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་མི་རྣམས་ས་དོང་ནང་དུ་བཀབ་ནས་བསྡད་པས་ཡུཀ་རེན་གྱི་དམག་གིས་མཐའ་སྐོར་གྱི་ཡོད་པ་མ་མཐོང་བ་རེད། ཨུ་རུ་སུའི་དམག་མི་ཁག་ཅིག་དང་རུ་ཤོག་གཅིག་གི་འགོ་ཁྲིད་ཚོ་ཡུཀ་རེན་གྱིས་འཛིན་བཟུང་བྱས་སོང་། ཁོ་ཚོ་དཔའ་སྟོབས་ཞུམ་པ་མིན་རུང་འགོག་རྒོལ་གྱི་འཐབ་ཇུས་མ་འགྲིག་པ་དང་ཡུཀ་རེན་གྱི་དམག་གིས་ཉེ་འཁོར་གྱི་ཁང་ཆེན་ཁག་གི་ཐོག་ཏུ་སོ་མྱུལ་བཀྲམ་སྟེ་པར་ཆས་བཙུགས། ཁོ་ཚོས་པར་ཆས་ནང་དུ་གསལ་བའི་ས་གནས་རྣམས་ཕར་བསྐུར་ཏེ་ཡུཀ་རེན་གྱི་དམག་གིས་བརྙན་འཕྲིན་ལ་བལྟས་ནས་ཨུ་རུ་སུའི་དམག་གི་བཙན་ས་ཁག་དམིགས་འབེན་དུ་བཟུང་ནས་གཏོར་རྒོལ་བྱེད་ཀྱི་འདུག པབ་ལིབ་ཀ་གྲོང་རྡལ་ལ་མཚོན་ཆ་དང་རྒྱགས་ཆས། སྨན་དང་དམག་དཔུང་གསར་པ་ཁ་སྣོན་གཏོང་ཐབས་མེད་པ་ཞིག་ཏུ་གྱུར་འདུག་ཅེས་སྨྲས།།

དེ་རིང་གཟའ་ཕུར་བུའི་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ཁར་སན་མངའ་ཁུལ་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་ཕུ་ཊིན་གྱིས་ཕམ་ཁ་ངོས་ལེན་བྱས་པའི་དན་རྟགས་རེད། རྒྱུ་མཚན་གསུམ་གྱི་ཐོག་ནས་ཨུ་རུ་སུར་ཕམ་ཉེས་འབྱུང་གི་ཡོད་པ་དང་ཡུཀ་རེན་ལ་མཐར་ཐུག་གི་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ར་འཕྲོད། དང་པོ་དེར་ཁར་སན་ནི་ཨུ་རུ་སུའི་དམག་དཔུང་ཁེ་རི་མཱི་ཡ་གླིང་ཟུར་བརྒྱུད་ནས་ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཌོན་བྷ་སི་མངའ་ཁུལ། ཡུཀ་རེན་གྱིས་བཟུང་ཡོད་པའི་ཨོ་ཌེ་ས་དང་མཚོ་ནག་མངའ་ཁུལ་དུ་བསྐྱོད་པའི་འཛུལ་སྒོ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཅིང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒྱལ་ས་ཀིབ་ལེན་མ་ཐུབ་པའི་རྗེས་སུ་དམག་དཔུང་རྣམས་ཌོན་བྷ་སི་མངའ་ཁུལ་དུ་ཕྱིར་འཐེན་བྱས་པ་རེད། ད་ལྟ་ཁར་སན་ནས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་པས་ཕུ་ཊིན་གྱི་འཐབ་འཁྲུག་གི་དམིགས་ཡུལ་གཏན་ནས་མ་གྲུབ་པར་བརྩི་ཆོག གཉིས་པ་དེར་ཡུཀ་རེན་གྱི་དམག་གིས་ཁར་སན་བླངས་པའི་རྗེས་སུ་ཨུ་རུ་སུས་སྔར་བཞིན་ཁེ་རི་མཱི་ཡ་གླིང་ཟུར་འཛིན་ཐུབ་རྒྱུ་ཡིན་མིན་ངེས་པ་མེད། ཡུཀ་རེན་གྱི་མེ་སྒྱོགས་རྣམས་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཨུ་རུ་སུའི་དམག་སྒར་ཁག་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཁག་ཏུ་སྙོབ་ཐུབ། ད་ལོའི་ཕྱི་ཟླ་༨་པའི་ནང་དུ་ཡུཀ་རེན་གྱིས་ཨུ་རུ་སུས་འཛུགས་སྐྲུན་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཁར་ཆི་ཟམ་ཆེན་ལ་གཏོར་རྒོལ་བྱས་པ་རེད། ཁར་སན་ནས་ཡུཀ་རེན་གྱི་དམག་དཔུང་ཛ་པོ་རི་ཤི་ཡ་དང་མེ་ལི་ཏོ་པོལ་ཕྱོགས་སུ་དྲངས་ཏེ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཤར་ཕྱོགས་སུ་ཉེན་ཁ་འབྱུང་རྒྱུ་བཟློག་མི་ཐུབ་པ་དང་ཁེ་རེ་མཱི་ཡ་གླིང་ཟུར་ཧྲིལ་པོར་འཐུང་ཆད་ཆད་སྲིད། གླིང་ཟུར་དེའི་འཐུང་ཆུའི་བརྒྱ་ཆ་༨༥་ཡུཀ་རེན་ནས་ཡོང་དགོས་པ་དང་ཡུཀ་རེན་གྱིས་ཁེ་རེ་མཱི་ཡའི་བྱང་ཕྱོགས་སུ་ཆུ་མཛོད་བརྒྱབ་ཡོད་པས་འཐུང་ཆུ་འགོག་རྒྱུའི་ཉེན་ཁ་འདུག གསུམ་པ་དེར་ཁར་སན་མངའ་ཁུལ་ནི་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་གིས་བཙན་འཕྲོག་བྱས་པའི་ས་གནས་ཐོག་མ་དེ་ཡིན་པ་དང་གཟའ་འཁོར་འདིར་ཨུ་རུ་སུའི་དམག་དཔུང་ཁར་སན་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ནི་ཕུ་ཊིན་ལ་ཐད་ཀར་ཕམ་ཉེས་བྱུང་བ་ཞིག་ཏུ་སྣང་། ཨུ་རུ་སུས་ཁེ་རེ་མཱི་ཡ་གླིང་ཟུར་ལ་དབང་བསྒྱུར་བྱ་དགོས་ན་ཁར་སན་འཛིན་ཐུབ་རྒྱུ་གནད་འགག་ཆེན་པོ་ཡིན། ད་ནི་ཨུ་རུ་སུའི་འགོ་ཁྲིད་ཚོར་ཁར་སན་མངའ་ཁུལ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་དེ་ཕམ་ཉེས་བྱུང་བ་ཞིག་མིན། ཨུ་རུ་སུའི་དམག་དོན་འཐབ་ཇུས་ལ་འགྱུར་བཅོས་བཏང་བ་ཡིན་ཞེས་རྒྱལ་ནང་གི་མི་དམངས་ལ་འགྲེལ་བཤད་གསར་པ་ཞིག་བརྒྱབ་ནས་མགོ་སྐོར་གཏོང་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་པ་མི་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG