ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨུ་རུ་སུའི་སྲང་ལམ་ཁག་གི་སྐྱེས་པ་རྣམས་བཟུང་སྟེ་དམག་ལ་ཁྲིད། 


༄༅།། ཨུ་རུ་སུའི་ཉེན་རྟོག་པ་དང་དམག་དོན་མི་སྣ་ཚོ་སྔོན་བརྡ་མེད་པར་རྒྱལ་ས་མོ་སི་ཀོའི་སྲང་ལམ་ཁག་དང་ཚོང་ལས་ཀྱི་ལྟེ་གནས་ཁག་ཏུ་བསྐྱོད་དེ་དམག་ཁོངས་སུ་ཞུགས་དགོས་པའི་སྐྱེས་པ་རྣམས་བཙལ། ཁོ་ཚོས་སྐྱེས་པ་མིག་གིས་མཐོང་ཚད་རྣམས་བཟུང་ནས་དམག་ཁོངས་སུ་སྡུད་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་ཉེན་རྟོག་པ་དང་དམག་དོན་མི་སྣ་ཚོས་རྒྱལ་སའི་སྲང་ལམ་ཁག་དང་ཚོང་དོན་ལྟེ་གནས་ཁག་ཏུ་བཟུང་བའི་སྐྱེས་པ་དེ་དག་གི་གྲས་སུ་སྒྲ་དབྱངས་གཤར་སྦྱང་བྱེད་བཞིན་པའི་རོལ་མོ་བ་འགའ་དང་སྦྲག་ཁང་གི་བསྐུར་མ་སྐྱེལ་མཁན་ཞིག མོ་སི་ཀོའི་ལས་ཁུངས་ཤིག་གི་སྲི་ཞུ་བ་ཞིག་དང་ཆང་འཐུང་ར་བཟི་ཞིག ལོ་ན་༥༠་ང་གྲངས་སུ་སོན་པའི་སྐྱེས་པ་དབང་པོ་སྐྱོན་ཅན་ཞིག་བཅས་འདུས། སྐྱེས་པ་བཅུ་ཕྲག་འགའ་ཉེ་འཁྲིས་ཀྱི་དམག་བསྡུ་ཁང་དུ་ཁྲིད། ཨ་ལིཀ་སེ་ཞེས་པའི་སྐྱེས་པ་ཞིག་གིས་ཁོ་ཚོས་ང་འདིར་ཁྲིད་ཡོང་དགོས་དོན་ཅི་ཡིན་ངས་ཤེས་ཀྱི་མི་འདུག་ཅེས་སྨྲས། ཨུ་རུ་སུའི་གྲོང་ཁྱེར་དང་གྲོང་རྡལ། ཨུ་རུ་སུ་རྒྱལ་ཡོངས་ཀྱི་སྐྱེས་པ་དམག་ཁོངས་སུ་ཞུགས་དགོས་པ་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་བྱོལ་དུ་འགྲོ་བའམ། ཡང་ན་རང་ཁྱིམ་སོགས་སུ་སྐུང་སྟེ་ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་ཐབས་བྱེད་ཀྱི་ཡོད་ཀྱང་ཉེན་རྟོག་པའི་ལག་ཏུ་ཐེབས་པ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་ཨུ་རུ་སུའི་ཉེན་རྟོག་པ་དང་དམག་དོན་མི་སྣ་ཚོས་ས་འོག་མེ་འཁོར་འབབ་ཚིགས་ཁག་གི་སྒོ་འགྲམ་དུ་སྒུག་ནས་སྐྱེས་པ་རྣམས་བཟུང་སྟེ་དམག་ཁོངས་སུ་བསྡུས། ཁང་ཆེན་ཁག་ཏུ་བསྡད་ཡོད་པའི་སྐྱེས་པ་རྣམས་ཚོམས་ཆེན་དུ་བསྐོངས་ནས་དམག་སྐུལ་གྱི་བཀའ་ཡིག་སྤྲད། ཨུ་རུ་སུའི་ཉེན་རྟོག་པ་རྣམས་ལས་ཁུངས་ཁག་དང་སློབ་ཆེན་ཁག་གི་མལ་ཁང་། ཇ་ཁང་དང་ཆང་ཁང་མྱུལ། སྲང་ལམ་གྱི་བཞི་མདོ་ཁག་བཀག་སྡེ་སྐྱེས་པ་ཐུག་ཚད་བཟུང་ནས་དམག་ཁོངས་སུ་སྡུད་བཞིན་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ནམ་མ་ལངས་གོང་དུ་ཉེན་རྟོག་པ་དང་དམག་དོན་མི་སྣ་ཚོ་འཛུགས་སྐྲུན་ལས་ཁུངས་ཤིག་གི་ངལ་རྩོལ་བའི་ཉལ་ཁང་དུ་ཡོང་སྟེ་སྐྱེས་པ་༢༠༠་ལྷག་བཟུང་། ཕྱི་ཟླ་༡༠་པའི་ཚེས་༩་ཉིན་རྒྱལ་ས་མོ་སི་ཀོའི་སྤྲང་པོ་འདུག་སའི་ཁང་པ་ཁག་ནས་སྐྱེས་པ་བཅུ་ཕྲག་འགའ་ཞིག་དམག་ལ་ཁྲིད། ལོ་ན་སུམ་ཅུ་སོ་གྲངས་སུ་སོན་པའི་ཨ་ལིཀ་སེ་ཞེས་པའི་སྐྱེས་པ་དེས་དམག་སྡུད་པ་རྣམས་ནི་ནམ་ཡོང་ཆ་མེད་རེད། དེ་ནི་འཇིགས་སུ་རུང་བ་ཞིག་ཡིན་པ་དང་ང་ནི་ཞི་བདེ་རིང་ལུགས་པ་ཞིག་ཡིན། ང་ལ་ཞུམ་བུ་ཞིག་ཡོད་དང་ངེད་གཉིས་གཅིག་པུ་བསྡད་ཡོད་ཟེར། ཁོ་པ་དམག་ཁོངས་སུ་མ་བསྡུས་བར་དུ་གྲོགས་པོ་ཚོའི་མཉམ་དུ་ཇ་ཁང་ཆང་ཁང་དང་སྤྱི་གླིང་མྱུག རོལ་དབྱངས་དཀྲོལ་ཚོགས་ཁག་ལ་ཞུགས་པ་དང་ལོ་རྗེས་མར་ཡུ་རོབ་ལ་གུང་སེང་དུ་བསྐྱོད་རྒྱུའི་འཆར་གཞི་བཀོད། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཉེན་རྟོག་པ་གཉིས་དང་དཀྱུས་ཆས་གྱོན་པའི་དམག་དོན་མི་སྣ་འགའ་ཨ་ལིཀ་སེའི་ལས་ཁུངས་བསླེབས་ནས་དཔང་ཡིག་ལག་འཁྱེར་སྟོན། ཁྱོད་ཀྱིས་སྐད་ཅོར་མ་བརྒྱབ་པར་ང་ཚོའི་མཉམ་དུ་དམག་བསྡུ་ཁང་ལ་ཤོག ཁྱོད་ཡག་པོ་བྱས་ནས་མི་ཡོང་ན་ང་ཚོས་བཙན་གྱིས་འཁྲིད་དགོས་ཞེས་སྡིགས་ར་བསྐུལ། ཁོ་པས་ང་ལ་དངངས་འཚབ་བྱུང་བ་དང་སྔོན་ཆད་བཀག་ཉར་བྱས་མྱོང་མེད། ཨུ་རུ་སུའི་ཡུལ་དུ་ཉེན་རྟོག་པས་བཀག་ཉར་བྱས་ན་ཡག་རྟགས་ཤིག་མིན་པ་ཀུན་གྱིས་ཤས་གསལ་རེད་ཅེས་བཀྲལ། ཨ་ལེཀ་སེ་ཚུད་པའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུ་ཡུལ་རྣམས་དོ་བདག་གི་བདེ་འཇགས་ཆེད་དུ་མིང་ཆ་ཚང་གསར་འགྱུར་ནང་དུ་བཀོད་མེད་ཅིང་། ཨུ་རུ་སུའི་དམག་ལ་བསད་རྨས་ཚབས་ཆེན་དང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕམ་ཉེས་ཆེན་པོ་བྱུང་སྟེ་དམག་ཁྲལ་རྒྱུག་དགོས་པ་འབུམ་༣་དམག་སྐུལ་བྱ་རྒྱུའི་ཐག་བཅད། ཁ་སྔོན་གཟའ་པ་སངས་ཉིན་ཕུ་ཊིན་གྱིས་དམག་སྐུལ་བ་འབུམ་༣་གྱི་ནང་ནས་དམག་མི་༢༢༠༠༠༠་བསྡུས་ཟིན་ཞེས་བསྒྲགས། ཨུ་རུ་སུའི་མཁྲེགས་འཛིན་པ་ཚོས་ཡུཀ་རེན་བ་རྣམས་མང་ཙམ་གསོད་དགོས། ཨུ་རུ་སུའི་སྐྱེས་པ་ཚོས་ལུས་སྲོག་མང་ཙམ་བློས་གཏོང་དགོས་པ་དང་ཞི་བདེ་བག་ཕེབས་སུ་འཚོ་གནས་བྱེད་བཞིན་པ་འགྲིག་གི་མི་འདུག་ཅེས་བརྙན་འཕྲིན་ནང་དུ་དགོས་འདུན་བཏོན།།

ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་བར་ཨུ་རུ་སུའི་སྐྱེས་པ་ཅི་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་ཤེས་རྟོགས་ཐུབ་དཀའ། ཡིན་ནའང་ཡུཀ་རེན་གྱི་གཞུང་གིས་ཨུ་རུ་སུའི་སྐྱེས་པ་འབུམ་༧་ཡས་མས་ཤིག་ཕྱི་ལ་བྲོས་འདུག་ཅེས་གནས་ཚུལ་སྤེལ། གཟའ་མཇུག་དེར་ཨུ་རུ་སུའི་སྐྱེས་པ་༢༣་གྱིས་གྲུ་གཟིངས་ཤིག་བཏང་ནས་ལྷོ་ཀོ་རི་ཡར་བསླེབས་ཏེ་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས། ལྷོ་ཀོ་རི་ཡའི་གཞུང་གིས་ཨུ་རུ་སུའི་སྐྱེས་པ་མང་ཆེ་བར་དགོས་ངེས་ཀྱི་ཡིག་ཆ་ཚང་མི་འདུག་ཅེས་ཐོངས་མཆན་མ་སྤྲད། བདུན་སྔོན་མར་ཨུ་རུ་སུའི་སྐྱེས་པ་གཉིས་ཀྱི་གྲུ་ཆུང་ཞིག་བཏང་ནས་ཨ་རིའི་ཨ་ལ་སི་ཀ་མངའ་སྡེའི་ཁོངས་སུ་འཛུལ་ཏེ་ཨ་མི་རི་ཀར་སྐྱབས་བཅོལ་ཞུས། ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༤་ནས་ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༦༥༠༠༠་ཤི་འདུག འདི་ནི་ཨ་མི་རི་ཀས་ལོ་༡༠་ཐམ་པར་ཝི་ཏེ་ནམ་ལ་དམག་འཁྲུག་བརྒྱབ་ནས་ཨ་རིའི་དམག་མི་ཤི་བ་ལས་ཀྱང་མང་བ་རེད་ཅེས་གནས་ཚུལ་སྤེལ། ཨ་མི་རི་ཀའི་ཝི་ཏེ་ནམ་གྱི་དམག་འཁྲུག་རྗེས་དྲན་ཁང་གི་ཐོ་གཞུང་དུ་ཨ་རིའི་དམག་མི་༥༨༢༨༡་འཐབ་འཁྲུག་ནང་དུ་ཚེ་སྲོག་ཤོར་བ་རེད་ཅེས་འཁོད། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གེ་ཤོ་གུས་ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་བཟུང་སྟེ་ཨུ་རུ་སུའི་དམག་མི་༥༩༣༧་ལ་མ་གཏོགས་སྲོག་སྐྱོན་ཕོག་མེད་ཅེས་གྲངས་ཐོ་མ་འདྲ་བ་ཞིག་བཏོན། ཕྱི་ཟླ་༨་པའི་མགོ་སྟོད་དེར་ཨ་མི་རི་ཀས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་༧༠༠༠༠་ནས་༨༠༠༠༠༠་ཡས་མས་ཤིག་ལ་བསད་རྨས་བྱུང་འདུག་ཅེས་ཚོད་དཔག་གི་གྲངས་ཐོ་ཞིག་བཏོན།།

དབྱིན་ཡུལ་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་དམག་འཁྲུག་ཉམས་ཞིབ་སྡེ་ཚན་གྱི་སློབ་དཔོན་མེ་ཁེལ་ཁ་ལར་ཀ་ཞེས་པ་ཞིག་གིས་ཡུཀ་རེན་དང་ཨུ་རུ་སུ་གཉིས་ཀས་བཏོན་པའི་གྲངས་ཐོ་དེ་དངོས་བདེན་ཡིན་མི་སྲིད་ཅེས་དགག་པ་བརྒྱབ། ཁོང་གིས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱིས་དམག་མི་༥༠༠༠་ལྷག་ལས་ཤི་མེད་ཟེར་བ་ནི་དོན་དངོས་ལ་གཏན་ནས་མི་མཐུན་པ་ཞིག་རེད། ཡུཀ་རེན་གྱི་གཞུང་གིས་གསལ་བསྒྲགས་བྱས་པ་ལྟར་ཨུ་རུ་སུའི་དམག་མི་ཁྲི་ཚོ་བདུན་བརྒྱད་ཅིག་བསད་ཡོད་མེད་ཀྱང་ཤེས་རྟོགས་མི་ཐུབ། ངས་བལྟས་ནས་ཨུ་རུ་སུའི་གཞུང་དམག་དང་ཝེ་གྷ་ནར་གླས་དམག་ཚོགས་པའི་འཐབ་མོ་བ། སི་རི་ཡའི་དཔུང་རོགས་བཅས་ཨུ་རུ་སུའི་ཕྱོགས་སུ་ལངས་ཡོད་པའི་དམག་མི་༣༠༠༠༠་ནས་༤༠༠༠༠་ཡས་མས་ཤིག་བསད་ཡོད་ས་རེད། ཨུ་རུ་སུའི་དམག་མི་རྨས་མ་མང་པོ་ཞིག་ལ་སྨན་བཅོས་མ་ཐོབ་པར་ཤི་བ་དང་དམག་སར་བདག་མེད་དུ་ལུས། ཡུཀ་རེན་གྱི་དམག་གིས་ཨུ་རུ་སུའི་རྨས་མ་རྣམས་བསྐྱབས་ནས་སྨན་བཅོས་མ་བྱས་ན་རྨས་མ་དེ་ཚོར་སྨན་བཅོས་མ་ཐོབ་པར་འཆི་ཡི་ཡོད་པ་མང་པོ་ཞིག་འབྱུང་གི་འདུག་ཅེས་བསྟན། གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པས་ཨུ་རུ་སུའི་གཞུང་ལ་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ཡུཀ་རེན་གྱི་དམག་སྤྱི་ཝེ་ལ་རི་ཛ་ལུ་ཞི་ནིས་རང་དམག་༩༠༠༠་ལྷག་ལ་སྲོག་སྐྱོན་ཕོག་སོང་ཞེས་བསྒྲགས། ཡུཀ་རེན་གྱི་གཞུང་གིས་ཀྱང་རང་གི་དམག་མི་ཅི་ཙམ་དམག་ས་ཁག་ཏུ་ཤི་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་ཕྱིར་བསྒྲགས་མ་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ཟླ་༡༠་པའི་ཚེས་༩་ཡི་མཚམས་སུ་ཡུཀ་རེན་གྱི་མི་དམངས་དཀྱུས་མ་༦༢༢༡་ལ་དམག་འཁྲུག་ནང་དུ་སྲོག་སྐྱོན་ཕོག་འདུག་ཅེས་གྲངས་ཐོ་བཏོན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བ་མང་ཆེ་བ་ནི་ཌ་གྷེ་སི་ཐན་གྱི་ཁ་ཆེ་དང་བྷུ་རི་ཡ་ཐེ། ཐུ་བ་དང་ཀལ་མུག་སོགས་ཀྱི་སོག་རིགས་ནང་པ་གྲངས་ཉུང་མི་རིགས་ཀྱི་སྐྱེས་པ་ཚོ་རེད་ཅེས་གསར་འགྱུར་ལན་མང་ཐོན།།

ཕྱི་ཟླ་༡༠་པའི་ཚེས་༡༧་ཉིན་སི་ཨེན་ཨེན་གསར་འགྱུརལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྤེན་པའི་ཉིན་ཨུ་རུ་སུའི་བྷེལ་གྷོ་རོ་ཌི་ས་གནས་ཀྱི་དམག་བསྡུ་ཁང་ཞིག་ཏུ་མི་གཉིས་ཀྱིས་མེ་མདའ་བརྒྱབ་ནས་ཨུ་རུ་སུའི་དམག་མི་གསར་པ་༡༡་བསད་པ་དང་མི་༡༥་རྨས། ཨུ་རུ་སུའི་ཊ་སི་གསར་འགྱུར་ལས་ཁང་གིས་གཟའ་སྤེན་པའི་དགོང་མོར་ནུབ་ཕྱོགས་དམག་ཁུལ་ཁང་དུ་སྦྱོང་བརྡར་སྤྲོད་བཞིན་པའི་དུས་སུ་གཏོར་རྒོལ་དེ་བྱུང་འདུག གཏོར་རྒོལ་བྱེད་མཁན་གཉིས་ནི་དེ་སྔའི་ཨུ་རུ་སུ་དམར་ཤོག་གི་རྒྱལ་ཕྲན་ཞིག་གི་སྤྱི་དམངས་རེད་ཅེས་གསར་འགྱུར་སྤེལ། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་མི་གསོད་ཁྲག་སྦྱོར་དེ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ཞིག་རེད་ཅེས་ནག་ཉེས་བཙུགས། གསར་འགྱུར་ལས་ཁང་ཁག་ཅིག་གིས་མེ་མདའ་རྒྱག་མཁན་གཉིས་ཏ་ཇིཀ་སི་ཐན་གྱི་སྤྱི་དམངས་རེད། ཨུ་རུ་སུའི་དམག་མི་གསར་པ་ཚོས་ཁ་ཆེའི་ཆོས་ལུགས་ལ་དམའ་འབེབས་ནས་ཏ་ཇིཀ་སི་ཐན་གྱི་མི་དེ་དག་གིས་མེ་མདའ་བརྒྱབ་ནས་ལན་པ་བསློགས་པ་རེད་ཟེར། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་བསྡུ་ཁང་མང་པོ་ཞིག་ལ་ས་སྣུམ་བྱོ་ནས་མེར་སྲེག་བཏང་སྟེ་གཏོར་རྒོལ་བྱས་པ་དང་དམག་བསྡུ་ཁང་གི་ལས་སྣེ་ཚོར་མེ་མདའ་བརྒྱབ་ནས་གཏོར་རྒོལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཞིང་། ཕྱི་ཟླ་༡༠་པའི་ཚེས་༡༦་ཉིན་དབྱིན་ཇིའི་མེ་ལོང་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༤༩་ལ་སོན་པའི་ཨུ་རུ་སུའི་དམག་བསྡུ་འགོ་དཔོན་མདའ་དཔོན་གཞོན་པ་རོ་མན་མིལ་ཡག་རང་ཁྱིམ་དུ་ཤི་ཡོད་པའི་ཕུང་པོ་རྙེད། གསར་འགྱུར་ལས་ཁང་ཁག་ཅིག་གིས་མདའ་དཔོན་གཞོན་པ་རོ་མན་མིལ་ཡག་ལྕེབས་ནས་ཤི་བ་རེད་ཟེར། གསར་འགྱུར་ལས་ཁང་ཁག་ཅིག་གིས་ཨུ་རུ་སུའི་དམག་དཔོན་དེ་ཤི་སྟངས་ལ་དོགས་པ་བྱེད་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྤྱི་ཚོར་སྲོག་སྐྱོན་འཕོག་གི་ཡོད་པའི་གྲངས་འབོར་ནི་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུའང་བྱུང་མེད་པ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG