ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༨/༠༨

ཨུ་རུ་སུའི་དམག་དཔུང་ཁག་ཅིག་ས་མཚམས་ནས་ཕྱིར་འཐེན་བྱས་སྐད།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་དཔུང་ཁག་ཅིག་ཡུཀ་རེན་གྱི་ས་མཚམས་ནས་ཕྱིར་འཐེན་བྱས་ཟིན། ཡུཀ་རེན་གྱི་ཛ་དྲག་ཞི་འཇམ་གཏོང་བར་ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་གྲོས་མོལ་འཕྲོ་སྐྱོང་བྱ་འདོད་ཡོད་ཅེས་བསྒྲགས། ཨུ་རུ་སུའི་གཞུང་གིས་ཕྱོགས་གཅིག་ནས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་གྲོས་མོལ་བྱ་རྒྱུ་དང་ཕྱོགས་གཞན་ཞིག་ནས་ཡུཀ་རེན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་རྣམ་འགྱུར་འདྲེས་མ་ཞིག་བསྟན། དེ་རིང་ཕྱི་ཟླ་༢་པའི་ཚེས་༡༦་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་དུང་ཡང་ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༣་ཡས་མས་ཤིག་ཡུཀ་རེན་གྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱས་ནས་བཞག་ཡོད་ཅིང་། ཐ་ན་ཨུ་རུ་སུའི་དམག་ལ་རྨས་སྐྱོན་ཕོག་ན་དམག་ས་ཁག་ཏུ་སྨན་བཅོས་བྱ་ཡུལ་གུར་ཁང་ཕུབ། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱས་པ་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག་ཅེས་གནས་ཚུལ་ཐ་དད་ཅིག་སྤེལ། ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ལྕགས་ཁྲབ་འཁོར་ལོའི་དཔུང་སྡེ་ཞིག་གིས་དམག་སྦྱོང་ཚར་ནས་དམག་སྒར་ལ་ཕྱིར་ལོག་བྱེད་ཀྱི་ཡོད། འོན་ཀྱང་ས་མཚམས་ཁག་ཏུ་དམག་སྦྱོང་ཆེན་པོ་ཞིག་བྱེད་ཀྱི་ཡོད་པ་ཚར་མེད་ཅེས་ཁྱབ་བསྒྲགས་བྱས་འདུག སྲིད་འཛིན་ཕུ་ཊིན་གྱིས་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཛི་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཟིན་ཡོད། དེ་ལ་བསྐྱར་དུ་འགྲེལ་བཤད་རྒྱག་དགོས་པ་གང་ཡང་མེད། ང་ཚོས་གྲོས་མོལ་ལ་གོ་སྐབས་ཤིག་སྤྲོད་རྒྱུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་བྱེད་མི་ཆོག་ཅེས་དགོས་འདུན་བཏོན་ཡོད་པ་ངེས་པར་དུ་བསྒྲུབ་དགོས་ཞེས་གསལ་སྟོན་བྱས་འདུག

སྲིད་འཛིན་བྷ་ཌན་གྱིས་གཟའ་མིག་དམར་གྱི་ཕྱི་དྲོར་ཕོ་བྲང་དཀར་པོའི་ཚོམས་ཆེན་དུ་ཨུ་རུ་སུའི་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱེད་ཀྱི་འདུག་ཅེས་གསར་འགྱུར་ཞིག་ཐོན་པ་བདེན་པ་ཡིན་ན་གཏམ་བཟང་རེད། ང་ཚོས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་པ་ངེས་གཏན་བྱེད་ཐུབ་ཀྱི་མི་འདུག ཨ་མི་རི་ཀར་ཨུ་རུ་སུ་དང་གདོང་ཐུག་རྒྱག་འདོད་མེད་པ། ང་ཚོས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད། གལ་ཏེ་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སེམས་ཐག་རྦད་བཅད་ཀྱིས་རྒོལ་ལན་སློག་རྒྱུ་ཡིན། ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་ས་ཆ་སོར་གང་འཆོར་དུ་འཇུག་རྒྱུ་མིན། ཨ་མི་རི་ཀས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་གཅོད་རྒྱུ་ཡིན། ཨ་རིའི་མི་དམངས་ཀྱིས་ཀྱང་རྒྱལ་ནང་དུ་རླངས་འཁོར་གྱི་སྣུམ་གོང་འཕར་སྲིད་པའི་བསམ་བློའི་གྲ་སྒྲིག་བྱ་དགོས། ཨུ་རུ་སུའི་བཙན་འཛུལ་ལ་རྒོལ་ལན་སློག་ནས་ཨ་མི་རི་ཀའི་མི་དམངས་ལ་དཀའ་ངལ་འཕྲད་རྒྱུ་མ་རེད་ཟེར་རྒྱུ་མིན། ངས་གང་ཐུབ་ཀྱིས་ཨ་མི་རི་ཀའི་མི་དམངས་ལ་རླངས་འཁོར་གྱི་སྣུམ་རིན་མི་འཕར་བའི་འབད་བརྩོན་བྱ་འཆར་ཡོད། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨུ་རུ་སུ་ལ་ཉེན་ཁ་ཞིག་མིན། ང་ཚོས་ཨུ་རུ་སུ་ལ་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་ཀུན་སློང་ཡང་འཆང་མེད། ང་ཚོའི་ཨུ་རུ་སུའི་མི་དམངས་རྣམས་དགྲ་རུ་འཛིན་གྱི་མེད་པ་དང་ཨུ་རུ་སུའི་མི་དམངས་ལའང་ཡུཀ་རེན་ལ་དམག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་སློང་འདོད་ཡོད་རྒྱུ་མ་རེད་སྙམ་ཞེས་རྒྱལ་ཡོངས་ལ་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་བྱས་འདུག

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་འཁོད་པ་ལྟར་ན། སྲིད་འཛིན་བྷ་ཌན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ནམ་ཡང་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེའ་ཁོངས་སུ་འཇུག་རྒྱུ་མིན་པའི་ཁས་ལེན་བྱེད་མི་སྲིད་པར་མ་ཟད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་མི་ཆོག་ཅེས་ཨུ་རུ་སུས་དགོས་འདུན་བཏོན་པ་དེ་ལའང་མོས་མཐུན་བྱེད་མི་སྲིད། ཡུ་རོབ་རྒྱལ་ཁབ་གང་ཞིག་ཆ་རྐྱེན་ཚང་བ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་ལེགས་སྐྱེས་འབུལ་ཐུབ་ཚེ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་སྒོ་མོ་ཕྱེ་ཡོད་པའི་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་མོད། འོན་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་འཇར་མན་ཎིའི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་ཡུཀ་རེན་དུས་ཡུན་གང་འཚམ་ཞིག་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཐུབ་རྒྱུ་མ་རེད། ཨུ་རུ་སུ་དང་ཡུཀ་རེན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཅས་ཀྱིས་ཡུཀ་རེན་སྒྲིག་འཛུགས་དེའི་ཁོངས་སུ་འཇུག་རྒྱུའི་གྲོས་སྡུར་བྱེད་ཀྱི་མེད་པ་ཤེས་གསལ་རེད། དེས་ན་སྐབས་ཤིག་གི་རིང་ལ་ཅི་ཡང་འབྱུང་གི་མེད་པ་ཞིག་ལ་རྩོད་པ་བརྒྱབ་ནས་ཛ་དྲག་སློང་དགོས་དོན་མི་འདུག་ཅེས་ཨུ་རུ་སུའི་བློ་འཚམ་འཇམ་ཐབས་ཀྱི་གཏམ་བཤད་བྱས་ཤིང་། ཨ་རིའི་ཝ་ཤིང་ཊོན་དཔྱད་ཞིབ་ཚགས་པར་ནང་དུ་འཇར་མན་ཎིའི་སྲིད་བློན་གྱིས་ཨུ་རུ་སུའི་བཙན་འཛུལ་དང་ཕུ་ཊིན་གྱི་འཇིགས་སྐུལ་ལ་མགོ་སྒུར་སོང་། འཇར་མན་ཎི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱས་ཏེ་ཨུ་རུ་སུས་འགོ་ཁྲིད་པའི་བདེ་འཇགས་ཆིངས་ཡིག་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཡག་པོ་རེད། ཨོ་ལཱབ་ཤོལ་ཛིས་འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ཏུ་གཏན་འབེབས་བྱུང་བའི་དམངས་གཙོ་དང་བདག་དབང་གི་རྩ་དོན་བློས་བཏང་སོང་ཞེས་སྐྱོན་བཙུགས།།

དེ་རིང་གཟའ་ལྷག་པའི་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་ཀྱང་དོན་དངོས་སུ་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་མཚམས་སུ་འགྲེམ་འཇོག་བྱ་རྒྱུ་ཇེ་མང་དུ་སོང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཨུ་རུ་སུའི་དམག་དཔུང་ས་མཚམས་སུ་གཏོང་རྒྱུ་མང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཐོན་འདུག་ཅེས་བསྟན། དེ་བཞིན་དབྱིན་ཇིའི་སྲིད་བློན་བྷོ་རེ་སི་ཇཱོན་སན་གྱིས་ཀྱང་ཨུ་རུ་སུའི་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྣམ་འགྱུར་འདྲེས་མ་ཞིག་སྟོན་གྱི་འདུག་ཅེས་སྐྱོན་བརྗོད་བྱས་ཤིང་། གཟའ་ལྷག་པ་འདིར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བློན་ཆེན་རྣམས་བྷ་ར་སིལ་སི་གྲོང་ཁྱེར་དུ་ཚོགས་འདུ་ཚོགས་ནས་ལོ་བཅུ་ཕྲག་མང་པོར་ཡུ་རོབ་ལ་བྱུང་མྱོང་མེད་པའི་བདེ་འཇགས་ཀྱི་ཉེན་ཁ་ཞིག་འཕྲད་ཀྱི་ཡོད་པར་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྒྱལ་སྲུང་བློན་ཆེན་ཚོའི་ཚོགས་འདུའི་སྔོན་དེར་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཨུ་རུ་སུའི་དམག་དཔུང་རྣམས་ངོ་མར་ཕྱིར་འཐེན་བྱས་ཡོད་མེད་གཞི་ནས་བལྟ་རྒྱུ་རེད། ད་སྔ་ང་ཚོས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱས་ནས་ས་ཐོག་གི་ཛ་དྲག་ཞི་འཇམ་འགྲོ་བཞིན་པ་ཞིག་མཐོང་མ་བྱུང་། དེ་ལས་ལྡོག་སྟེ་ཨུ་རུ་སུའི་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པའི་རྣམ་པ་ཞིག་འདུག ཨུ་རུ་སུའི་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་ཞིག་བསྟན་པ་དེས་དམག་དཔུང་དངོས་སུ་ཕྱིར་འཐེན་བྱས་པ་སྒྲུབ་དཀའ་ཞེས་བཤད།།

འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་གྲོས་ཚོགས་འོག་མས་གྲོས་ཆོད་བཞག་སྟེ་སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་ཤར་ཕྱོགས་ཀྱི་ཌོ་ནེ་སིཀ་དང་ལུ་ཧན་སིཀ་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་དགོས་ཞེས་དབང་ཚད་སྤྲད། ༢༠༡༥་ནས་ཡུཀ་རེན་གྱི་གཞུང་དམག་གིས་ཌོན་བྷ་སི་ས་གནས་སུ་ཨུ་རུ་སུས་རྒྱབ་སྐྱོར་བྱེད་བཞིན་པའི་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ་ནས་མི་༡༤༠༠༠་ལྷག་ལ་འཆི་སྐྱོན་ཕོག ལོ་༧་སྔོན་དེར་ཨུ་རུ་སུ་དང་ཡུཀ་རེན། ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་པ་ཚོས་བྷེ་ལོ་རུ་སིའི་རྒྱལ་ས་མིན་སིཀ་གྲོང་ཁྱེར་དུ་ཞི་བའི་གྲོས་མཐུན་བཞག་སྟེ་ཡུཀ་རེན་གྱི་གཞུང་གིས་ཤར་ཕྱོགས་ཀྱི་གྱེན་ལོག་པའི་ས་ཁུལ་ཁག་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ། ཨུ་རུ་སུའི་གཞུང་གིས་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་དང་གྱེན་ལོག་པ་ཚོས་ནང་འཁྲུག་སློང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འཁོད། ད་ལྟའི་བར་དུ་ཨུ་རུ་སུའི་གཞུང་གིས་མིན་སིཀ་གྲོང་ཁྱེར་དུ་བཞག་པའི་ཞི་བའི་གྲོས་མཐུན་རྩ་འཛིན་བྱ་དགོས་ཞེས་ལངས་ཕྱོགས་བཟུང་། ད་ལྟ་སྲིད་འཛིན་ཕུ་ཊིན་གྱིས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་ན་མིན་སིཀ་གྲོང་ཁྱེར་དུ་བཞག་པའི་ཞི་བའི་གྲོས་མཐུན་བརྩི་མེད་དུ་འགྲོ་རྒྱུ་ཡིན་ཞིང་། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུ་ལ་མིན་སིཀ་གྲོང་ཁྱེར་དུ་བཞག་པའི་ཞི་བའི་གྲོས་མཐུན་རྩ་འཛིན་བྱེད་འདོད་གཏན་ནས་མེད་པ་གསལ་པོ་རེད། ཁོ་ཚོས་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱ་འཆར་འདུག་ཅེས་ང་ཚོས་སྔོན་ནས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཉེན་བརྡ་བཏང་ཡོད་ཅེས་བཀྲལ། ཕུ་ཊིན་གྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨུ་རུ་སུའི་གྲོས་ཚོགས་འོག་མས་ཌོན་བྷ་སི་མངའ་ཁུལ་གྱི་ས་གནས་གཉིས་རང་བཙན་རྒྱལ་ཁབ་ལ་ངོས་འཛིན་བྱེད་དགོས་པའི་གྲོས་ཆོད་བཞག་པ་སྲིད་གཞུང་གིས་ལག་ལེན་བསྟར་རྒྱུ་ཡིན་མིན་བཤད་དཀའ། ང་ཚོས་དེ་ལ་གཞུང་འབྲེལ་གྱིས་གྲོས་སྡུར་བྱས་མེད། ཡིན་ནའང་མི་དམངས་ཀྱི་འཐུས་མི་ཚོས་མང་ཚོགས་ཀྱི་མངོན་འདོད་མཚོན་ཐུབ་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

XS
SM
MD
LG